English

བཅོལ་འཇོག་བཅའ་ཁྲིམས། ༡༩༩༩

ཡིག་ཐོག་ལུ་ཡོད་པའི་འབྲུག་རྒྱལ་ཁབ་ཀྱི་སྔོན་བརྒྱུད་
ཡིག་ཆ་དང་ མཛད་ཤུལ་ཚུ་བསྡུ་ལེན་
འབད་ནི་ བདག་འཛིན་འཐབ་
ནི་དང་ འཛིན་སྐྱོང་འབད་
ནི་གི་བཅའ་ཁྲིམས།

 དེ་ཡང་ རྒྱལ་གཞུང་གིས་ འབྲུག་རྒྱལ་ཁབ་ནང་ལས་འཐོན་མི་དང་ འབྲུག་གི་སྐོར་ལས་ཡོད་པའི་ཡིག་ཆ་ (དཔར་སྐྲུན་འབད་དི་ཡོད་མི་དང་ དཔར་ཐོག་ལུ་མེད་མི་འཕྲུལ་ཆའི་ཐོག་ལུ་ཡོད་མི་མཐོང་ཐོས་དང་ འཕྲུལ་ཆ་ཡིག་ཆའི་རིགས་ཚུ ) རྒྱལ་ཡོངས་ལུ་ཕན་ཐོགས་ཡོད་མི་དང་དགོས་གལ་ཆེ་བའི་རིགས་ཚུ་བསྡུ་ལེན་དང་ སྲུང་སྐྱོབ་འབད་དགོཔ་འདུག།

དེ་འབདཝ་ལས་ ང་བཅས་ར་རྒྱལ་གཞུང་ལུ་ ཧེ་མ་ལས་ཡོད་མི་དང་ ད་རེས་ནངས་པར་འབྲུག་ནང་འཁོད་ལས་འཐོན་པའི་ འབྲུག་གི་སྐོར་ལས་ཡོད་མི་ཡིག་ཆ་ཚུ་ ཐོ་བཀོད་ཁྱབ་ཆེ་ཏོག་ཏོ་བཟོ་ཚུགས་ནིའི་དོན་ལུ་ ལམ་ལུགས་སྟབས་བདེ་ཏོག་ཏོ་ཅིག་བཟོ་དགོཔ་ཁག་ཆེ་དྲག་ཅིག་ཨིན་པས།

དེ་བཟུམ་ ང་བཅས་ར་གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ཡིག་ཐོག་ལུ་ཡོད་པའི་ཡིག་ཆ་ཚུ་སྤྱོད་ཆོགཔ་ཡོདཔ་བཟོ་ནི་དང་ མི་མང་ག་ར་གིས་དེ་གི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནི་འདི་གལ་ཆེ་བས།

དེ་འབདཝ་ལས་བརྟེན་ཏེ་ ད་རེས་འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་གིས་ བཅོལ་འཇོག་བཅའ་ཁྲིམས་ཟེར་འབྲུག་རྒྱལ་ཁབ་ཀྱི་ སྔོན་བརྒྱུད་ཡིག་ཆ་མཛད་ཤུལ་ཚུ་ བསྡུ་ལེན་འབད་ནི་འཛིན་འཐབ་ནི་དང་ འཛིན་སྐྱོང་འབད་ནི་གི་དོན་ལས་བཅའ་ཁྲིམས་འདི་ཆ་འཇོག་འབདཝ་ཨིན།།


༡ བཅའ་ཁྲིམས་འདི་གི་མིང་དང་དབང་ཁྱབ་ འགོ་འཛུགས་ཀྱི་ཚེས་གྲངས།

༡·༡ བཅའ་ཁྲིམས་དེ་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ ཡིག་ཐོག་ལུ་ཡོད་པའི་ཡིག་ཆ་ཚུ་བསྡུ་ལེན་འབད་དི་ འཛིན་སྐྱོང་འཐབ་ནི་ ལུ་བཅོལ་འཇོག་གི་བཅའ་ཁྲིམས་ཟེར་སླབ་ནི་ཨིན།

༡·༢ བཅའ་ཁྲིམས་འདི་ འབྲུག་རྒྱལ་ཁབ་ཡོངས་ལུ་དབང་ཁྱབ་ཡོདཔ་མ་ཚད་ འབྲུག་མི་ཕྱིའི་རྒྱལ་ཁབ་ནག་སྡོད་མི་ཚུ་ལུ་ཡང་ དབང་ཁྱབ་ཡོད།

༡·༣ བཅའ་ཁྲིམས་དེ་ རང་ལུགས་ས་མོ་ཡོས་ལོ་ཟླ་ ༦ པའི་ཚེས་ ༨ ལས་སམ་ སྤྱི་ལོ་ ༡༩༩༩ ཟླ་ ༧ པའི་ཚེས་ ༢༠ ལས་འགོ་བཟུང་སྟེ་ ཆ་འཇོག་འབདཝ་ཨིན།


 འགྲེལ་བཤད།

༢·༡ བཅོལ་འཇོག་བཅའ་ཁྲིམས་ཟེར་མི་འདི་ རྒྱ་ཁབ་ནང་དཔར་བཏབ་སྟེ་ཡོད་མི་དང་ འབྲུག་གི་སྐོར་ལས་བྲིས་ཏེ་ཡོད་པའི་ཡིག་ཆའི་རིགས་ཚུ་ ཁྲིམས་མཐུན་གྱི་སྒོ་ལས་བསྡུ་ལེན་དང་སྲུང་སྐྱོབ། དབྱེ་བ་ཕྱེ་ནི། ཕྱོགས་སྒྲིག་འབད་ནི་ལུ་སླབ་ཨིན།།

༢·༢ དཔེ་མཛོད་ཀྱི་ཡིག་ཆ་ཟེར་སླབ་མིའི་ནང་ལུ་ དཔར་སྐྲུན་འབད་མི་དང་ མ་འབད་མི་གི་ཡིག་ཆ་གཉིས་ཆ་ར་ཚུདཔ་ཨིན།

༢·༣ དཔར་སྐྲུན་འབད་དི་ཡོད་པའི་ཡིག་ཆ་ཟེར་སླབ་མིའི་ནང་ལུ་ དཔར་སྐྲུན་ཐོག་ལུ་ཡོད་མི་དང་ རྡོ་དཔར་འགུར་ཡོད་མི་ དཔར་ཆས་ཐོག་ལུ་ཡོད་མི་ ཤིང་དཔར་ལུ་ཡོད་མི་ དཔར་ལོག་རྐྱབ་སྟེ་ཡོད་མི་དང་ གཞན་དེབཟུམ་ དཔེ་དེབ་དང་ གསར་ཤོག་ དུས་དེབ་དང་ མུ་མཐུད་གསར་དེབ་ གཞུང་གིས་དཔར་སྐྲུན་འབད་ཡོད་པའི་ཡིག་ཆའི་རིགས་དང་ ས་ཁྲ་རིའུ་མིག་ རིའུ་མིག་དཀར་ཆག་ ལག་བྲིས་ཀྱི་དཔར་ རྩིས་ཁྲ་རི་མོ་ ངོ་དཔར་ ཡིག་ཆའི་དཀར་ཆག་ དྲིལ་སྒྲགས་ཀྱི་དཔར་ཚུ་ཚུདཔ་ཨིན།།

༢·༤ དཔར་སྐྲུན་ཐོག་ལུ་མེད་པའི་ཡིག་ཆའི་རིགས་ཟེར་སླབ་མི་ནང་ལུ་ ཤེས་ཡོན་སྤེལ་ནིའི་གློག་བརྙན་དང་འཕྲུལ་དཔར་ གློག་བརྙན་འཕྲུལ་དཔར་ཆུང་བ་ མཐོང་ཐོས་ཐོ་བཀོད་འཕྲུལ་ཆ་ བརྡ་དོན་སྤྲོད་ལེན་གྱི་འཕྲུལ་ཆ་ (ཀམ་པིའུ་ཀྲར་གྱི་མཉེན་ཆས་ CD ROM) འབུར་ཡིག་བྲི་ཆས་དང་ གནས་ཚུལ་བརྡ་དོན་སྤྲོད་ལེན་འབད་ནི་གི་ འཕྲུལ་ཆའི་རིགས་ཚུ་ཚུདཔ་ཨིན།།

༢·༥ དཔར་སྐྲུན་ཟེར་མི་དེ་ སྒེར་གྱི་ལས་སྡེ་དང་ ཚོང་སྡེ་གཞུང་དབང་འབད་རུང་ གཞུང་དབང་མིན་པའི་ལས་སྡེ་འབད་རུང་ སྒེར་པ་རང་རྐྱང་ ཡང་ན་ སྒེར་དབང་ལས་སྡེ་ཚུ་གིས་བཙོང་ནི་དང་ རིན་མེད་སྟོང་པར་བཀྲམ་སྤེལ་འབད་ནིའི་དོན་ལས་ ཡིག་ཆ་དཔར་བཏབ་མི་ཚུ་ལུ་སླབ་ནི་ཨིན།།


༣  རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་དེ་ གཞུང་དོན་ཡིག་ཆ་བཅོལ་འཇོག་ཁང་ཟེར་མིང་བཏགས་ནི།

༣·༡ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་དེ་ བཅའ་ཁྲིམས་དེ་དང་འཁྲིལ་ཏེ་ ཡིག་ཆའི་རིགས་བསྡུ་ལེན་འབད་དི་ གཞུང་དོན་བཅོལ་འཇོག་ཡིག་ཆའི་མཛོད་ཁང་ཟེར་ མིང་བཏགས་ནི་དང་ཅིག་ཁར་ གཤམ་འཁོད་ཡིག་ཐོག་ལུ་ཡོད་པའི་ མཛད་ཤུལ་གྱི་ལཱ་འབད་དགོ་པའི་རིགས་ཚུ་འབད་དགོཔ་ཨིན།།

༣·༡·༡ འབྲུག་ནང་འཁོད་ལས་འཐོན་མི་དང་འབྲུག་གི་སྐོར་ལས་ སྐད་ཡིག་ག་ཅིའི་ཐོག་ལུ་ཨིན་རུང་ ཡིག་ཆའི་རིགས་ཚུ་ག་ར་བསྡུ་ལེན་འབད་དི་ ཕྱོགས་སྒྲིགས་འབད་ནི།

༣·༡·༢ གོང་གསལ་ ༣·༡·༡ ནང་ལུ་བསྡུ་ལེན་འབད་དི་ཡོད་པའི་ ཡིག་ཆའི་རིགས་ཚུ་དབྱེ་བ་ཁ་གསལ་ཕྱེ་སྟེ་ དེ་སྐོར་གསལ་བཤད་རྐྱབ་ནི་དང་ སྲུང་སྐྱོབ་འབད་དི་ག་ར་གིས་སྤྱོད་ཆོགཔ་བཟོ་ནི།

༣·༡·༣ ཡིག་ཆའི་དཀར་ཆག་སྟོན་བྱིན་ནི་དང་ རྒྱལ་ཡོངས་ཡིག་ཆའི་དཀར་ཆག་གི་ལས་དོན་གྱི་ལཱ་ཚུ་འབད་ནི།


༤  བསྡུ་ལེན་དང་བདག་འཛིད་འབད་ནི།

༤·༡ ཡིག་ཆའི་རིགས་ ག་ཅི་རང་འབད་ས་ཅི་རུང་ དཔར་སྐྲུན་འབད་དི་ཟླ་ངོ་གསུམ་གྱི་ནང་འཁོར་ལུ་ དཔར་སྐྲུན་འབད་མི་ཚུ་གིས་ རྒྱས་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ལུ་ དཔར་སྐྲུན་ཐོག་ལུ་ཡོད་མི་འབད་བ་ཅིན་ ཡིག་ཆའི་འདྲ་་བཞི་དང་ དཔར་སྐྲུན་ཐོག་ལུ་མེད་མི་འབད་བ་ཅིན་ འདྲ་གཉིས་རེ་ རིན་མེད་སྟོང་པར་བཅོལ་འཇོག་འབད་དགོ།

༤·༡·༡ དཔར་སྐྲུན་འབད་དི་ཡོད་པའི་ཡིག་ཆའི་འདྲ་དཔར་བཞི་རེའི་ཐོག་ལས་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ལུ་ འདྲ་དཔར་གཅིག་སྲུང་སྐྱོབ་དང་ཐོ་བཀོད་ཀྱི་དོན་ལུ་བཞག་ནི་དང་ འདྲ་དཔར་གཅིག་དུས་རྒྱུན་ག་ར་གིས་འབྲེལ་གཏུགས་འབད་ནིའི་དོན་ལུ་བཞག་ནི་ དེ་གི་ལྷག་ལུས་ འདྲ་གཉིས་ དཔེ་མཛོད་ཚུ་གི་བར་ན་ལུ་བརྗེ་སོར་བརྐྱབ་སྟེ་བལྟ་ནིའི་དོན་ལུ་བཞག་ནི་ཨིན། དཔར་སྐྲུན་ཐོག་ལུ་མེད་མིའི་རིགས་ལས་ འདྲ་དཔར་གཅིག་སྲུང་སྐྱོབ་དང་ཐོ་བཀོད་ཀྱི་དོན་ལུ་བཞག་ནི་དང་ འདྲ་དཔར་ལྷག་ལུས་གཅིགཔ་དེ་དུས་རྒྱུན་ག་ར་གིས་འབྲུལ་གཏུགས་འབད་ནིའི་དོན་ལུ་བཞག་ནི་ཨིན།།

༤·༢ དཔེ་མཛོད་ཚུའི་བར་ན་བརྗེ་སོར་བརྐྱབ་སྟེ་བལྟ་ནིའི་ཐད་ལུ་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གི་ཁྲིམས་ལུགས་དང་ འཁྲིལ་ཏེ་འབད་དགོཔ་ཨིན།།

༤·༣ གལ་སྲིད་ཡིག་ཆ་དེ་ཚུ་ གཞུང་གི་འབད་རུང་གཞུང་དབང་ལས་ཁུངས་ཚུ་གིས་འབད་ དཔར་སྐྲུན་འབད་དི་ཡོདཔ་ཨིན་རུང་ ཡང་ན་ གཞུང་དང་འབྲེལ་ཡོད་ཀྱི་ལས་ཕྲན་དང་ལས་སྡེ་གིས་ འབད་དི་ཡོད་པའི་ཡིག་ཆ་ཨིན་པ་ཅིན་ དཔར་སྐྲུན་འབད་དི་ཡོད་མི་ལས་ འདྲ་ ༡༠ དང་ དེ་མིན་ དཔར་སྐྲུན་འབདཝ་མིན་པ་ལས་ འདྲ་དཔར་ ༥ རེ་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ནང་ལུ་ བཅོལ་འཇོག་འབད་དགོ།

༤·༣·༡ དེ་སྦེ་ དཔར་སྐྲུན་འབད་དི་ཡོད་པའི་ཡིག་དེབ་ ༡༠ གྱི་ཐོག་ལས་ འདྲ་ ༤ གོང་གསལ་དོན་ཚན་ ༤·༢ པའི་དོན་ཚན་ལྟར་བཞག་ནི་དང་ ལྷག་ལུས་ ༦ པོ་རྒྱལ་ཡོངས་དང་ཕྱི་རྒྱལ་ལས་སྡེ་ཁག་ཚུ་དང་མཉམ་ཅིག་ ཡིག་ཆ་བརྗེ་སོར་བརྐྱབ་ནིའི་དོན་ལུ་བཞག་ནི་ཨིན།།

༤·༣·༢ དཔར་སྐྲུན་འབད་འབདཝ་མིན་པའི་ཡིག་ཆ་ ༥ གི་ཐོག་ལས་འདྲ་ ༢ བདག་འཛིན་དང་ཐོ་བཀོད་ཀྱི་དོན་ལུ་བཞག་ནི་དང་ དེའི་ལྷག་ལུས་ ༣ པོ་དུས་རྒྱུན་འབྲེལ་གཏུགས་འབད་དི་བལྟ་ནིའི་དོན་ལུ་བཞག་ནི་ཨིན།།


༥ ཡིག་ཆ་བསྡུ་ལེན་འབད་དི་ཡོད་མི་རྣམས་ འཛིན་སྐྱོང་འབད་ཐངས།

༥·༡ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གིས་ དེ་བཟུམ་མའི་བསྡུ་ལེན་འབད་དི་ ཡོད་པའི་ཡིག་ཆའི་རིགས་ཚུ་འཛིན་སྐྱོང་དང་ ཐོ་བཀོད་འབད་དགོཔ་ཨིན།།

༥·༢ ཐོ་བཀོད་ཡིག་ཆ་ནང་ལུ་ གནད་དོན་གཤམ་གསལ་ལྟར་བཀོད་དགོ།

༥·༢·༡ དཔར་སྐྲུན་འབད་དི་ཡོད་པའི་དཔེ་དེབ་/ ཡིག་ཆའི་མིང་དང་མཚན་བྱང་།

༥·༢·༢ དཔར་སྐྲུན་འབད་དི་ཡོད་པའི་ཡིག་ཆ་ཚུ་ སྐད་ཡིག་ག་ཅིའི་ཐོག་ལུ་ཡོདཔ་ཨིན་ན།

༥·༢·༣ འབྲི་རྩོམ་འབད་མི་དང་ སྐད་སྒྱུར་རྐྱབ་མི་ཡང་ན་ རྩོམ་སྒྲིག་འབད་མི་གི་མིང་།

༥·༢·༤ ཆོས་ཚན་ག་ཅི་གི་སྐོར་ལས་ཨིན་ན།

༥·༢·༥ དཔར་སྐྲུན་འབད་སའི་ ས་གནས་ཀྱི་མིང་།

༥·༢·༦ དཔར་སྐྲུན་འབད་མི་དང་ དཔར་བཏབ་མི་གི་མིང་།

༥·༢·༧ དཔར་སྐྲུན་འབད་བའི་ཚེས་གྲངས།

༥·༢·༨ ཤོག་གྲངས་དང་ ཤོག་དེབ་ག་འདེམ་ཅིག་ཡོད་ག

༥·༢·༩ དཔར་སྐྲུན་གྱི་ཚད་གཞི།

༥·༢·༡༠ དཔར་སྐྲུན་གྱི་དེབ་གྲངས།

༥·༢·༡༡ དཔར་སྐྲུན་ཐེངས་རེ་ལུ་ དེབ་གྲངས་ག་འདེམ་ཅིག་བཏབ་ཡོད་ག

༥·༢·༡༢ དཔར་སྐྲུན་འབད་ཡོད་པའི་ ཡིག་ཆའི་གོང་ཚད།

༥·༢·༡༣ འབྲི་རྩོམ་འབད་མི་དང་ དཔར་སྐྲུན་འབད་མི་གི་ཁ་བྱང་།

༥·༣ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གིས་ ཡིག་ཆའི་རིགས་བཅོལ་འཇོག་ག་འདེམ་ཅིག་འབད་ཡོད་ག་གི་སྐོར་ལས་ ཐོ་བཀོད་འབད་དི་ཁྱབ་སྤེལ་འབད་དགོ།


༦  གནང་བ་མེད་པར་དཔར་ལོག་རྐྱབ་ནི་དང་ བཙོང་ནི་ཚུ་འབད་མི་ཆོག།

༦·༡ དཔར་སྐྲུན་གྱི་དབང་ཆ་ཡོད་པའི་མི་ངོ་ ཡང་ན་ལས་སྡེ་ཚུ་ལས་གནང་བ་མེད་པར་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གིས་ བཅོལ་འཇོག་འབད་ཡོད་པའི་ཡིག་ཆའི་རིགས་ལས་དཔར་ལོག་བརྐྱབ་ནི་དང་ བཙོང་ནི་ཚུ་འབད་མི་ཆོག།

༦·༢ དེ་འབདཝ་ད་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གིས་ ཞིབ་འཚོལ་གྱི་དོན་ལུ་འབད་བ་ཅིན་ ཡིག་ཆ་དེ་ཚུ་ངོ་བཤུས་འཕྲུལ་དཔར་བཏབ་ཆོག།

༦·༣ མི་མང་ག་ར་སྦེ་རུང་དཔེ་མཛོད་ཀྱི་ནང་འཁོད་ལུ་ ཡིག་ཆ་དེ་ཚུ་འབྲེལ་གཏུགས་ཀྱི་དོན་ལུ་འབད་ བེད་སྤྱོད་འབད་ཆོག།


༧ ཉེས་ཆད།

༧·༡ བཅའ་ཁྲིམས་དེ་གི་དོན་ཚན་ ༤ པ་དང་འཁྲིལ་ཏེ་དཔར་སྐྲུན་འབད་མི་ག་ར་སྦེ་རུང་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ནང་ རང་སོའི་དཔར་སྐྲུན་འབད་ཡོད་པའི་ཡིག་ཆ་ཚུ་ ཤེས་མཐོང་གི་བཅོལ་འཇོག་མ་འབད་བ་ཅིན་ ཉེས་ཆད་དངུལ་ཀྲམ་ ༣༠༠༠/- བཀལ་ནི་ཨིན།།

༧·༢ མི་ངོམ་དང་ལས་སྡེ་ ག་ར་སྦེ་རུང་བཅའ་ཁྲིམས་དེ་དང་འཁྲིལ་ཏེ་ ཉེས་ཆད་ཕོག་པའི་ཤུལ་ལུ་དཔར་སྐྲུན་གྱི་ཅ་དངོས་ ཡངས་ཆགས་མེད་པར་བཅོལ་འཇོག་འབད་དགོཔ་ཨིན།།


༨ སླར་ལོག་དཔར་སྐྲུན་འབད་ནི་དང་ བཏོན་ནི་གི་དབང་ཆ།

༨·༡ དབང་ཆ་ཡོད་པའི་དཔར་སྐྲུན་གྱི་ཡིག་ཆ་དེ་ཚུ་ རྒྱལ་ཁབ་ལུ་དགོས་གལ་སྦོམ་སྦེ་རང་འཐོན་སོང་པ་ཅིན་ འབྲི་རྩོམ་འབད་མི་དང་ དཔར་སྐྲུན་འབད་མི་ དཔར་བཏོན་མི་ ཡང་ན་ ཁོ་/མོ་གང་རུང་གི་ནང་མི་ཚུ་ཤི་སོང་སྟེ་ག་ཡང་མེད་པ་ཅིན་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གིས་ སླར་ལོག་དཔར་སྐྲུན་འབད་ནི་དང་བཏོན་ནི་ཚུ་འབད་ཆོག། གཞུང་ཁ་ཐུག་ལས་དེ་བཟུམ་མའི་ཐུགས་ཐག་ཆོད་ཡོད་པའི་སྐོར་ལས་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་གིས་ ཡིག་ཆ་དེ་ཚུ་སླར་ལོག་དཔར་སྐྲུན་མ་འབད་བའི་སྔ་གོང་ལས་ ཡིག་ཆ་དེ་ཚུ་ལུ་དབང་ཆ་དཔེ་མཛོད་ལུ་ཡོད་པའི་ཁྱབ་སྤེལ་འབད་ནི་ཨིན།།