English

རྒྱལ་ཡོངས་ཡིག་རིགས་གཏན་འཇོག་ཁང་།

National Archives Building

རྒྱལ་ཡོངས་ཡིག་རིགས་གཏན་འཇོག་ཁང་ངམ་ གཏན་མཛོད་ཁང་གི་འགན་ཁུར་འདི་ སྔོན་དང་ཕུགས་ཀྱི་ཡིག་ཆ་རྙིངམ་གི་རིགས་ཚུ་གིས་གཙོས་པའི་ ད་ལྟོ་གི་ཡིག་རིགས་ཚུ་དང་མ་འོངས་པའི་ཡིག་ཆ་ཚུ་ག་ར་བསྡུ་བསྒྲུབ་འབད་དེ་ མ་འོངས་བུ་བརྒྱུད་ཚུ་གི་ཤེས་ཡོན་རལ་འཕེལ་གྱི་དོན་ལུ་དམིགས་ཏེ་ མི་ཉམས་བདག་བཛིན་འཐབ་སྟེ་བཞག་ནི་འདི་ཨིན།།

དབྱིན་ལོ་ ༢༠༠༠ དབྱིན་ཟླ་ ༦ པའི་ནང་ལུ་ ཌེན་མརྐ་དང་འབྲུག་རྒྱལ་གཞུང་གི་བར་ན་རྒྱལ་ཡོངས་གཏན་མཛོད་ཁང་གི་དོན་ལུ་ སྒྲིང་ཁྱིམ་ཐོག་ཚད་གཉིས་འབད་མི་དང་ དེའི་ནང་ན་མེ་རྐྱེན་གྱི་ཉེན་བརྡ་བྱིན་ནིའི་འཕྲུལ་ཆས་དང་ བསིལ་དྲོད་གཤེར་ཚད་འཛིན་འབད་ནིའི་དེང་སང་གི་འཕྲུལ་ཆས་དང་ལྡན་པའི་ སྒྲིང་ཁྱིམ་བརྐྱབ་ནི་འབད་ཆིངས་ཡིག་གུར་ མཚན་རྟགས་བཀོད་གནངམ་བཞིན་དུ་ དབྱིན་ལོ་ ༢༠༠༤ ལོ་ལུ་ཕྱི་ནག་མེད་པར་བསྒྲུབས་ཡོདཔ་ཨིན།།


རྒྱལ་ཡོངས་དྲན་རྟེན་ཁང་།(National Memory Bank)


ཡིག་རིགས་གཏན་འཇོག་ཁང་ནང་ལུ་ སྔོན་དང་ཕུགས་ཀྱི་གལ་གནད་ཆེ་བའི་ཡིག་ཆ་དང་ གཏང་ཡིག་རྙིངམ་ཚུ་དང་ སྟོང་ཕྲག་བདུན་ལས་ལྷག་པའི་དཔར་དང་དཔར་ཡིག་ ཆུང་བཟོ་འཕྲུལ་ཆ་ (Microfilm) ཐོག་ལུ་ཡིག་ཆའི་རིགས་ཡོདཔ་མ་ཚད་ དཀོན་དྲག་པའི་དཔེ་དེབ་ཚུ་དང་ དཔར་མའི་ཕྱག་དཔེ་ཚུ་བསྡུ་བསྒྲུབས་འབད་དེ་ཡོད་མི་ག་ར་ ཉེན་སྲུང་འབད་དེ་ཡོདཔ་ཨིནམ་ལས་ ཡིག་ཆ་དེ་ཚུ་རྒྱལ་ཡོངས་དྲན་རྟེན་ཁང་གི་གཞི་རྟེན་བཟུམ་ཅིག་ཨིན།།

རྒྱལ་ཡོངས་ཡིག་རིགས་གཏན་འཇོག་ཁང་གིས་ ད་ལྟོ་ཡོད་པའི་མཛོད་ཁང་འདི་རྒྱལ་ཡོངས་དྲན་ཚོར་ཁང་འབད་བཟོ་ནི་གི་དོན་ལས་ འབྲེལ་ཡོད་མི་དམང་ཡོངས་ལུ་གསོལ་འདེབས་ཞུ་བ་ཅིན་ རྒྱལ་ཁབ་ནང་ལུ་ཡོད་མི་དང་རྒྱལ་ཁབ་ཕྱི་ཁ་ལུ་སྡོད་མི་ གཙུག་སྡེ་དང་སྒེར་པ་སོ་སོ་ཚུ་ལུ་འབྲུག་རྒྱལ་ཁབ་དང་འབྲེལ་བའི་གལ་གནད་ཅན་གྱི་ཡིག་ཆའི་རིགས་དང་ ཡིག་ཆ་མིན་པའི་རིགས་ག་ཅི་བཟུམ་སྦེ་རུང་ མ་འོངས་པའི་མཐའ་དོན་ལུ་དམིགས་ཏེ་ དེའི་འདྲ་དཔར་གནང་བཀྲིན་བསྐྱང་ཟེར་ཞུ་ནི་ཨིན།།


ཆུང་བཟོ་འཕྲུལ་ཆའི་ (Microfilm) མཐུན་རྐྱེན་དང་ཞབས་ཏོག


འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ འབྲུག་རྒྱལ་ཁབ་ཀྱི་ནང་འཁོད་ལུ་ཡོད་པའི་ གཙུག་སྡེ་དང་སྒེར་པའི་ནང་ལུ་ ཤིན་ཏུ་དཀོན་པའི་ཕྱག་དཔེའི་རིགས་ཡོད་མི་ཚུ་ལུ་རིན་མེད་སྟོང་པར་ ཆུང་བཟོ་འཕྲུལ་ཆ་གིས་པར་བཏབ་ནིའི་ཞབས་ཏོག་ (Microfilming Facility) ཕུལ་ནི་ཨིན། དེ་བཟུམ་མའི་ཞབས་ཏོག་ཕུལ་མི་འདི་ ཕྱག་དཔེའི་མ་དཔེ་ཚུ་ཉམས་སོང་རུང་ དེའི་འདྲ་བཤུས་དེ་ཚུ་ ཡུན་བརྟན་འབད་བཞག་ནིའི་སེམས་ཤུགས་སྐྱེད་བཅུག་ནིའི་དོན་ལུ་ མི་དམང་ག་ར་ལུ་དེ་བཟུམ་མའི་ཕྱག་དཔེ་ཡོད་པ་ཅིན་ དཔེ་མཛོད་ནང་བསྣམས་བྱོན་ཏེ་དཔར་བཏབ་པའི་མ་དཔེ་དང་སྦྲགས་ཏེ་འདྲ་བཤུས་གཅིག་ཡང་ཕུལ་ནི་དང་ དེའི་འདྲ་གཅིག་དཔེ་མཛོད་ནང་ཉེན་སྲུང་དང་བདག་འཛིན་འཐབ་སྟེ་བཞག་ནི་ཨིན།།


ཉེན་སྲུང་དང་ མི་ཉམས་རྒྱུན་སྐྱོང་།


ཡིག་རིགས་གཏན་མཛོད་ཁང་འདི་ནང་མང་ཤོས་ར་ ཤོ་གུ་དང་འབྲེལ་བ་ཡོད་མི་ཡིག་ཆ་དང་ཕྱག་དཔེའི་རིགས་རྐྱངམ་ཅིག་ཨིནམ་ལས་ དེ་ཚུ་ག་ར་རྫས་སྦྱོར་སྣ་ཚོགས་བླུགས་ཏེ་བཟོ་བསྐྲུན་འབད་འབདཝ་ཨིན། དེ་འབདཝ་ལས་རྫས་སྦྱོར་ཚུ་གིས་ ཤོ་གུ་ཚུ་ཕྲལ་དང་མགྱོགས་སུ་སྦེ་མེདཔ་གཏངམ་ཨིནམ་ལས་ ཡིག་ཆ་དེ་ཚུ་ཉམས་སྲུང་དང་རྒྱུན་སྐྱོང་གི་དོན་ལུ་ རྫས་སྦྱོར་གྱི་གནོད་ཉེན་བཀག་ཐབས་དང་ གསུང་རབས་རྙིངམ་ཉམས་འགྱོ་ནིའི་ཉེན་ཁག་ཡོད་མི་ཚུ་ཡང་ མ་འོངས་ཡུན་བརྟན་བཞག་ཐབས་ལུ་ མི་ཉམས་རྒྱུན་སྐྱོང་འཐབ་ཨིན།།


འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་བཅོལ་འཇོག་བཅའ་ཁྲིམས།


དབྱིན་ལོ་ ༡༩༩༩ ལོའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཚོགས་ཐེངས་ ༧༧ པའི་ནང་ ཡིག་ཐོག་ལུ་བཀོད་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་སྔོན་བརྒྱུད་ཀྱི་ཡིག་ཆ་དང་ མཛད་ཤུལ་ཚུ་བསྡུ་ལེན་འབད་དེ་བདག་འཛིན་འཐབ་ནི་དང་ འཛིན་སྐྱོང་འབད་ནི་གི་བཅའ་ཁྲིམས་འདི་ ཆ་འཇོག་གནངམ་ལས་ཚུར་བཅའ་ཁྲིམས་དེ་དང་འཁྲིལ་ཏེ་ ཡིག་ཆས་རིགས་ཀྱི་འདྲ་དཔར་ཚུ་ ཡིག་རིགས་གཏན་མཛོད་ཁང་ནང་གསོག་འཇོག་འབད་བཞགཔ་ཨིན།།

བཅོལ་འཇོག་བཅའ་ཁྲིམས་ཀྱི་བཅུད་དོན།

ཡིག་ཐོག་ལུ་བཀོད་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་སྔོན་བརྒྱུད་ཀྱི་ཡིག་ཆ་དང་ མཛད་ཤུལ་ཚུ་བསྡུ་ལེན་འབད་དེ་བདག་འཛིན་འཐབ་ནི་དང་ འཛིན་སྐྱོང་འབད་ནིའི་བཅའ་ཁྲིམས་འདི་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཚོགས་ཐེངས་ ༧༧ པའི་ནང་ལས་ཆ་འཇོག་མཛད་གནང་ཡོདཔ་ལས་བརྟེན་ བཅའ་ཁྲིམས་འདི་ འབྲུག་རྒྱལ་ཁབ་ཡོངས་ལུ་དབང་ཁྱབ་ཡོདཔ་མ་ཚད་ འབྲུག་མི་ཕྱིའི་རྒྱལ་ཁབ་ནང་སྡོད་མི་ཚུ་ལུ་ཡང་དབང་ཁྱབ་ཡོདཔ་ཨིན།།

བཅོལ་འཇོག་གི་བཅའ་ཁྲིམས་འདི་ནང་ལུ་ དཔར་བསྐྲུན་འབད་དེ་ཡོད་མི་ཡིག་ཆའི་རིགས་དང་ དཔར་ཐོག་ལུ་མེད་མི་ (འཕྲུལ་ཆས་ཐོག་ལུ་ཡོད་མི་མཐོང་ཐོས་དང་འཕྲུལ་ཆའི་ཡིག་རིགས) ག་ཅི་རང་འབད་རུང་ དཔར་བསྐྲུན་བཀྲམ་སྤེལ་འབད་དེ་ ཟླ་ངོ་གསུམ་གྱི་ནང་འཁོད་ལུ་ དེའི་འདྲ་དཔར་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ནང་ལུ་ རིན་མེད་སྟོང་དཔར་བཅོལ་འཇོག་འབད་དགོཔ་ཨིན།།

ཡིག་ཆ་དེ་ཚུ་ གཞུང་དང་གཞུང་དབང་ལས་ཁུངས།དེ་བཟུམ་སྦེ་ གཞུང་འབྲེལ་གྱི་ལས་ཕྲན་དང་ལས་སྡེ་ཚུ་གིས་བཀྲམ་སྤེལ་འབད་འབདཝ་ཨིན་པ་ཅིན་ དཔར་བསྐྲུན་འབད་མི་ལས་ འདྲ་དཔར་ ༡༠ དང་ དཔར་བསྐྲུན་འབདཝ་མིན་པ་ལས་ འདྲ་དཔར་ ༥ རེ་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ལུ་བཅོལ་འཇོག་འབད་དགོ།

ཡིག་ཆ་དེ་ཚུ་ གཞུང་དབང་མིན་པའི་ལས་སྡེ་དང་ སྒེར་རང་རྐྱང་། སྒེར་དབང་ལས་སྡེ་ཚུ་གིས་བཙོང་ནིའི་དོན་ལུ་དཔར་བསྐྲུན་ བཀྲམ་སྤེལ་འབད་འབདཝ་ཨིན་པ་ཅིན་ དཔར་བསྐྲུན་འབད་དེ་ཡོད་མི་ལས་ འདྲ་དཔར་ ༤ ་དང་ དཔར་བསྐྲུན་འབདཝ་མིན་པ་ལས འདྲ་དཔར་ ༢ ་རེ་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ལུ་བཅོལ་འཇོག་འབད་དགོ།

དཔར་བསྐྲུན་འབད་ཡོད་པའི་ཡིག་ཆའི་རིགས་ནང་ལུ་ ག་ཅི་རང་ཚུདཔ་སྨོ་ཟེར་བ་ཅིན་ གསར་ཤོག དུས་དེབ། མུ་མཐུད་གསར་དེབ། གཞུང་གིས་དཔར་བསྐྲུན་འབད་ཡོད་པའི་རིགས་དང་ ས་ཁྲ་རེའུ་མིག རེའུ་མིག་དཀར་ཆག ལག་བྲིས་ཀྱི་དཔར། རྩིས་ཁྲའི་རི་མོ་། ངོ་དཔར། ཡིག་ཆའི་དཀར་ཆག དྲིལ་བསྒྲགས་ཀྱི་དཔར། ཤིང་དཔར་བཏབ་པའི་དཔར་མའི་ཕྱག་དཔེ་ ། འདྲ་བཤུས་ཀྱི་དཔར་དང་འབྲེལ་བའི་ཡིག་ཆའི་རིགས་ག་ར་འདི་ནང་ཚུདཔ་ཨིན།།

དཔར་བསྐྲུན་འབདཝ་མིན་པའི་ཡིག་ཆའི་རིགས་ནང་ལུ་ ག་ཅི་རང་ཚུདཔ་སྨོ་ཟེར་བ་ཅིན་ ཤེས་ཡོན་སྤེལ་ནི་གི་གློག་བརྙན་དང་འཕྲུལ་དཔར། གློག་བརྙན་འཕྲུལ་དཔར་ཆུང་བ། མཐོང་ཐོས་འདྲ་བཟུང་གི་འཕྲུལ་ཆ། བརྡ་དོན་སྤྲོད་ལེན་གྱི་འཕྲུལ་ཆས་ (ཀམ་པིའུ་ཀྲར་གྱི་མཉེན་ཆས་ CD འཁོར་ལོ)འབུར་ཡིག་ (Braille) གི་ཆ་ཚུ་དང་ གནས་ཚུལ་བརྡ་དོན་སྤྲོད་ལེན་གྱི་འཕྲུལ་ཆའི་རིགས་ག་ར་འདི་ནང་ཚུདཔ་ཨིན།།

བཅའ་ཁྲིམས་འདི་ནང་ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱིས་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ལས་ཚོགས་དང་ཅིག་ཁར་དཔར་བསྐྲུན་བཀྲམ་སྤེལ་གྱི་ལས་འཆར་ཚུ་ བརྗེ་སོར་འབད་ནིའི་ལས་རིམ་དང་འཆར་གཞི་ཡོདཔ་ལས་ ང་བཅས་ག་ར་སེམས་སྤྱི་མཐུན་གྱི་ཐོག་ལས་ མི་སེར་ཚུ་ལུ་ བརྡ་དོན་གྱི་འཐོན་སྐྱེད་སྤེལ་ནིའི་དོན་ལུ་ ལས་རིམ་འདི་འགོ་བཙུག་གེ།

བཅའ་ཁྲིམས་ཧྲིལ་བུ་…    


མ་འོངས་འཆར་གཞི།


ལོ་ལྔའི་འཆར་གཞི་ཐེངས་ ༡༠ པའི་ནང་ལུ་ རྒྱལ་ཡོངས་ཡིག་རིགས་གཏན་མཛོད་ཁང་གིས་ རྒྱལ་ཁབ་ནང་འཁོད་ནང་གལ་ཅན་གྱི་གསུང་རབས་དང་ཡིག་ཆ་ཚུ་གི་ས་གནས་ག་སྟེ་ལས་ཐོབ་ཡོདཔ་ད། དེའི་བཟོ་རྣམ་དང་ཚད་གཞི་ཚུ་ཐོ་བཀོད་འབད་དེ་ རྒྱུན་སྐྱོང་འབདནི་ཨིན། གལ་སྲིད་ གསུང་རབས་དེ་ཚུ་ཐོ་བཀོད་ནང་མེད་པ་ཅིན་ སྦྱིན་བདག་དེ་ཚུ་ལུ་མི་ཉམས་བདག་འཛིན་ལེགས་ཤོམ་འབད་ཐབས་ཀྱི་དོན་ལུ་ ཐོ་བཀོད་འབད་ནིའི་བརྩོན་ཤུགས་བསྐྱེད་བཅུག་ནི་དང་ སྔར་སྲོལ་ལམ་ལུགས་དང་འབྲེལ་བའི་རྒྱལ་རབས་ཅན་གྱི་ཁ་རྒྱུན་ཚུ་ཡང་ བརྟག་ཞིབ་ཀྱི་ཐོག་ལས་མཐོང་ཐོས་འཕྲུལ་ཆའི་འདྲ་བཟུང་འབད་དེ་ རྒྱལ་ཡོངས་ཀྱི་དོན་ལུ་རྒྱུན་སྐྱོང་འབད་ནིའི་འཆར་གཞི་ཡོདཔ་ཨིན།།

གྲོང་གསེབ་ཞབས་ཏོག

རྒྱལ་ཡོངས་ཡིག་རིགས་གཏན་མཛོད་ཁང་གིས་ མ་འོངས་པའི་འཆར་གཞི་ནང་ལུ་ གྲོང་གསེབ་ཀྱི་སློབ་གྲྭ་དང་གཙུག་སྡེ། དགོན་སྡེ་དང་མི་དམང་ཡོངས་ཀྱི་དོན་ལུ་ ཞལ་འཛོམས་ཚོགས་ནི་དང་འགྲེམས་སྟོན། དེ་ལས་གསལ་བཤད་བྱིན་ནི་ སློབ་གྲྭ་ཁག་ཚུ་ནང་བལྟ་སྐོར་ལུ་སོང་སྟེ་ རྒྱང་མཐོང་ TV དང་རྒྱང་སྒྲགས་ཀྱི་ཐོག་ལས་བརྡ་དོན་སྤེལ་ནི་ཨིན། དེ་གིས་མ་ཚད་པར་ སློབ་དེབ་དང་ལྷག་ནིའི་དཔེ་དེབ་ཚུ་ཡར་རྒྱས་གཏང་ནིའི་གྲོགས་རམ་གྱི་ཞབས་ཏོག་དང་ རྒྱལ་ཡོངས་ཡིག་རིགས་གཏན་མཛོད་ཁང་ནང་ཡོད་པའི་ གལ་གནད་ཆེ་བའི་ཡིག་ཆ་སྤྲོ་བ་ཆེ་ཏོག་ཏོ་ཚུ་ཡང་ ཡོངས་འབྲེལ་གྱི་ཐོག་ལས་འཐོབ་ཚུགསཔ་བཟོ་ནིའི་འཆར་གཞི་ཡོདཔ་ཨིན།།