English

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་མཆོག་གི་གསུང་འཕྲིན།

དབྱིན་ལོ་ ༢༠༠༨ ཟླཝ་ ༢ པའི་ཚེས་ ༢༡ ལུ་ དཔལ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ དགུང་ལོ་ ༢༨ བཞེས་པའི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་བའི་བརྡ་མཚོན་ལུ་ ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་གིས་ དུས་མཐུན་བཟོ་ཡོད་པའི་ཡོངས་འབྲེལ་འདི་སྒོ་འབྱེད་འབདཝ་ཨིན། གལ་གནད་ཅན་གྱི་དུས་སྟོན་དང་འབྲེལ་ཏེ་ དཔེ་མཛོད་ནང་གི་ལས་བྱེད་པ་ག་ར་གིས་དད་དམ་ལྷོད་མེད་ཀྱི་སྒོ་ལས་ དཔལ་ལྡན་འབྲུག་པའི་རྩ་བ་གསུམ་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནིའི་ཁས་བླངས་དམ་བཅའ་ཕུལ་ནི་ཨིན།།

འབྲུག ༢༠༠༨
རྒྱལ་བརྒྱུད་ཀྱི་རིང་ལུགས་མི་ལོ་བརྒྱ་གཅིག་འཁོར་བ་དང་
འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ།

རྒྱལ་ཁབ་འདི་ནང་ལུ་སྔར་སྲོལ་ལམ་ལུགས་ཀྱི་ལྟེ་བ་ཅིག་སྦེ་ གཞི་བཙུགས་གནང་ཡོདཔ་ལས་བརྟེན་ དབྱིན་ལོ་ ༢༠༠༨ དབྱིན་ཟླ་ ༢པའི་ ཚེས་ ༢༡ ལུ་ མི་དབང་འབྲུག་རྒྱལ་ལྔ་པ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་བའི་བརྡ་མཚོན་ལུ་འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ བསྐྱར་ལོག་གི་བཟོ་བཀོད་དང་ལྡན་པའི་ཡོངས་འབྲེལ་ སྒོ་འབྱེད་འབད་ནི་འདི་དཔེ་མཛོད་ཀྱི་བྱུང་རབས་ནང་ཚུད་པའི་ལས་རིམ་རྩ་ཆེན་ཅིག་ཨིན༎

རྒྱལ་ཡོངས་དཔེ་མཛོད་ཀྱིས་དུས་དྲན་བརྩི་སྲུང་ཞུཝ་དང་འབྲེལ་ཏེ་ གཤམ་ལུ་བཀོད་དེ་ཡོད་པའི་ལྷན་ཐབས་ཀྱི་དོན་ཚན་ཚུ་ ང་བཅས་ཀྱི་ཡོངས་འབྲེལ་ས་ཁོངས་འདི་ནང་ལུ་ཚུད་དེ་མི་དམངས་ལུ་ཁྱབ་བསྒྲགས་འབད་ནི་འདི་ སྐལ་བ་བཟང་ནུག་ཟེར་ཞུ་ནི་ཨིན༎

  • རྫོང་ཁ་དང་དབྱིན་སྐད་ཟུང་འབྲེལ་ ཡོད་པའི་ཡོངས་འབྲེལ་བཟོ་ཡོད།
  • རྒྱལ་ཡོངས་དཔེ་མཛོད་ཀྱིས་ ཕྱག་དཔེའི་ཐོ་གཞུང་དང་ཕྱག་དཔེའི་གནས་ཚུལ་ཚུ་ག་ར་ གློག་འབྲེལ་འདི་ལས་ཐོབ་ཚུགསཔ་བཟོ་སྟེ་ ཡོངས་འབྲེལ་འདི་ནང་ལྷོད་པའི་འཛུལ་སྒོ་བཟུམ་ཅིག་སྦེ་ ཞབས་ཏོག་བྱིན་ནི་ལུ་ཡར་དྲག་གཏང་ཡོད།
  • འཛམ་གླིང་ནང་གི་དཔེ་མཛོད་ཁང་ཚུ་དང་ གློག་འབྲེལ་རྒྱབ་ཁུངས་ཀྱི་ཕྱག་དཔེ་ལྷག་འདོད་ཡོད་མི་ཚུ་ལུ་ ལྷན་ཐབས་ཀྱི་འབྲེལ་འཐུད་ཡོངས་འབྲེལ་གྱི་ཁ་བྱང་ཚུ་ཡང་ ཟུར་ཁ་ལུ་བཀོད་དེ་ཡོད།
  • ཇོ་མོ་ལྷ་རི་ཟེར་མི་རྫོང་ཁའི་ཡིག་གཟུགས་འདི་ ང་བཅས་ཀྱི་ཡོངས་འབྲེལ་འདི་ལས་ ཐོབ་ཚུགསཔ་འབད་བཟོ་ཡོདཔ་ཨིན། དེ་གིས་མ་ཚད་ རྫོང་ཁ་ཡུ་ནི་ཀོཌ (Unicode) ཝེབ་ (Web) གི་ཤོག་གྲངས་ཚུ་རིམ་བསྒྲིག་འབད་དེ་ གློག་རིག་ནང་ལུ་གསལ་སྟོན་འབད་ཚུགས་པའི་གནས་ཚུལ་ཚུ་ཡང་ བཀོད་ཡོད་རུང་དེའི་ཐད་ཁར་ དུས་མཐུན་བཟོ་ཡོད་པའི་ གློག་རིག་གི་འཕྲུལ་ཆས་ལ་ལུ་ཅིག་ལུ་འཕྲུལ་རིག་ཚད་བཟོ་སྟེ་ཡོདཔ་ལས་བརྟེན་ གནས་སྡུད་ཚུ་ཕབས་ཚུགས་རུང་ ལག་ལེན་ལེགས་ཤོམ་སྦེ་འཐབ་མི་བཏུབ་ཨིན༎

རྒྱལ་ཡོངས་དཔེ་མཛོད་ཀྱིས་ རྫོང་ཁའི་སྐད་ཡིག་དང་ལྡན་པའི་ཡོངས་འབྲེལ་གྲ་བསྒྲིག་འབད་མི་འདི་ འབྲུག་རྒྱལ་ཁབ་ནང་ལུ་འགོ་ཐོག་དང་པ་ཨིན། ཡོངས་འབྲེལ་ས་ཁོངས་འདི་ནང་ལུ་གཞི་བཙུགས་འབད་ཡོད་པའི་ རྫོང་ཁའི་སྐད་ཡིག་དང་ལྡན་པའི་ཡོངས་འབྲེལ་འདི་ ཝེབ་ (Web) ས་ཁོངས་ཚུ་གི་གྲལ་ལས་ཐོབ་ཚུགས་མི་འདི་ ཐེངས་དང་པ་ཨིན་རུང་ རྫོང་ཁའི་འཐོན་རིམ་འདི་འགུར་ མིང་ཚིག་དང་གནས་ཚུལ་ཚུ་ ཁ་བསྣན་བརྐྱབ་དགོཔ་ཡོདཔ་ཨིན༎

འཛམ་གླིང་ནང་ལུ་ སངས་རྒྱས་བསྟན་པའི་གསུང་རབས་མང་ཤོས་ཅིག་ མཁོ་བསྒྲུབས་འབད་དེ་ཡོད་མི་འདི་ ང་བཅས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ཨིནམ་ལས་ ལྷ་ཁང་དང་དགོན་སྡེ། དེ་ལས་ རྫོང་གཞི་ཁག་ཚུ་རྩིས་ཏེ་ ཧ་ལམ་གྲངས་ ༢༠༠༠ ཙམ་གྱི་ནང་ལུ ཕྱག་མཆོད་ཀྱི་རྟེན་སྦེ་བཞུགས་ཡོདཔ་ཨིན། འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ ཌེ་ནི་ཌའི་མཉམ་འབྲེལ་ལས་འགུལ་གྱི་ཡན་ལག་བཟུམ་ཅིག་སྦེ་ གསུང་རྟེན་བརྟག་ཞིབ་ཀྱི་ལས་འགུལ་ཟེར་བཟོ་སྟེ་ཡོད་མི་འདི་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་གསུང་རྟེན་བརྟག་ཞིབ་ཀྱི་ལཱ་ཚུ་ལུ་བརྩོན་ཤུགས་བསྐྱེད་དང་བསྐྱེད་བཞིན་དུ་ཡོད༎

ལོ་ངོ་ལྔའི་རིང་ གསུང་རྟེན་ཚུ་བརྟག་ཞིབ་འབད་བའི་ཤུལ་ལུ་ རྒྱལ་ཁབ་ནང་ལུ་དཀོན་དྲག་ཅན་གྱི་གསུང་རབས་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ཐོབ་ཡོདཔ་ཨིན། དེའི་ནང་ལས་ཡང་ ཤིན་ཏུ་དཀོན་པའི་ཕྱག་དཔེ་ཚུ་ ཨང་གནས་ཅན་བཟོ་སྟེ་བརྟག་ཞིབ་ཀྱི་རིམ་པ་དང་འཁྲིལ་ཏེ་ མ་འོངས་རྒྱུན་སྐྱོང་གི་དོན་ལུ་ ཉེན་སྲུང་ངེས་བརྟན་འབད་བཟོ་ཡོདཔ་ཨིན། རིན་པོ་ཆའི་བྱེ་བྲག་དང་མཚུངས་པའི་གསུང་རབས་ཚུ་ དུས་གཏན་ཀྱང་ཞིབ་འཚོལ་པ་ཚུ་ལུ་ ཁུངས་གཏུགས་རྒྱབ་རྟེན་གྱི་དཔེ་ཆ་དང་དཔེ་དེབ་ཀྱི་མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ནིའི་ཞབས་ཏོག་བསྒྲུབ་ནིའི་དོན་ལུ་ ཡོངས་འབྲེལ་འདི་གི་ཐོག་ལས་ཐོབ་ཚུགསཔ་བཟོ་ནི་ཨིན༎

རྒྱལ་ཡོངས་དཔེ་མཛོད་ཀྱི་ཡོངས་འབྲེལ་འདི་གིས་ དཔལ་ལྡན་འབྲུག་པའི་སྔར་སྲོལ་ལམ་ལུགས་ཀྱི་ཆ་ཤས་ དཀོན་དྲག་ཅན་གྱི་གསུང་རབས་ཚུ་ལུ་ཞིབ་འཚོལ་པ་ཚུ་གི་ ཕན་ནུས་ཅན་གྱི་འཛུལ་སྒོ་གཅིག་སྦེ་ མཐུན་རྐྱེན་བྱིན་ནིའི་རེ་འདོད་སྐྱེད་དེ་ཡོདཔ་ཨིན༎

ཡོངས་འབྲེལ་ས་ཁོངས་འདི་ནང་ལུ་བསྡུ་ལེན་འབད་ཡོད་པའི་ཕྱག་དཔེ་ཚུ་གིས་མ་ཚད་པར་ རྒྱལ་ཁབ་ནང་འཁོད་དང་ཕྱི་རྒྱལ་ལུ་ཡོད་པའི་ལས་ཚོགས་དང་ འབྲེལ་ཡོད་ཀྱི་ལས་དོན་ཚུ་ནང་ལུ་ འབྲེལ་མཐུད་འབད་ཚུགས་ནིའི་དོན་ལུ་ ལྷན་ཐབས་ཀྱི་ ཧཨི་པར་ལིངཀིས་(Hyperlinks) ཚུ་ཡང་གསལ་སྟོན་འབད་དེ་ཡོད། ཡོངས་འབྲེལ་འདི་གིས་ ན་ལས་ཕར་ཡང་ དཔེ་མཛོད་ཀྱིས་མཁོ་བསྒྲུབས་འབད་ཡོད་པའི་ཕྱག་དཔེ་དང་ལས་དོན་ཚུ་ འགོ་འདྲེན་འཐབ་ཡོད་པའི་ཤེས་བྱའི་རིགས་ཚུ་དང་ དེ་གིས་མ་ཚད་པར་ རྒྱལ་ཁབ་དང་འཛམ་གླིང་རྒྱབ་ཁབ་ཀྱི་དཔེ་མཛོད་ཚུ་ནང་གི་ཕྱག་དཔེ་དང་ མཐུན་བསྒྲིགས་ལས་ཚོགས་ཚུ་གི་གནས་ཚུལ་ཚུ་སྤེལ་ནིའི་དོན་ལུ་ བརྒྱུད་ལམ་བཟུམ་ཅིག་སྦེ་ཞབས་ཏོག་ཕུལ་ནི་ཨིན།།

དེ་འབདཝ་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་ཡོངས་འབྲེལ་འདི་གིས་ དཔེ་མཛོད་དང་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་དཔེ་དེབ་ལྷག་འདོད་ཡོད་མི་ཚུ་དང་ཅིག་ཁར་ བརྡ་དོན་སྤྲོད་ལེན་འབད་ནིའི་དོན་ལུ་ གལ་གནད་ཅན་གྱི་ བརྒྱུད་ལམ་གྱི་ཞབས་ཏོག་ཕུལ་ནི་དང་འབྲེལ་ རྒྱལ་ཡོངས་དཔེ་མཛོད་ནང་ལུ་མཁས་རིག་ཅན་གྱི་ཡར་རྒྱས་གོང་འཕེལ་གཏང་ཐབས་ལུ་ སྤྱིར་དཔེ་དེབ་ལྷག་མི་ཡོངས་དང་བྱེ་བྲག་ཏུ་ དཔེ་མཛོད་མཁས་རིག་གི་ཡོན་ཏན་ལྡན་མི་ཚུ་ལུ་ ལེགས་བཅོས་ཀྱི་བསམ་འཆར་ཚུ་གསུང་གནང་ཟེར་ཞུ་ནི་ཨིན༎

 
བཀྲ་ཤིས་བདེ་ལེགས།

 
རྡོ་རྗེ་ཚེ་རིང་
མདོ་ཆེན།
འབྲུག་རྒྱལ་ཡོངས་དཔེ་མཛོད།