English

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་འབྱུང་རབས།

Utse
བཀྲ་ཤིས་ཆོས་རྫོང་གི་དབུ་རྩེ་
NLB Changgangkha
རྒྱལ་ཡོངས་དཔེ་མཛོད་ཁང་ ལྕང་སྒང་ཁ་
NLB Kawangjangtsa
རྒྱལ་ཡོངས་དཔེ་མཛོད། ཁ་ཝང་གྱང་ས། ༡༩༩༨

འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ མི་དབང་རྒྱལ་ཡུམ་ཞིང་གཤེགས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་རྒྱབ་སྐྱོར་ཐོག་ལས་ དབྱིན་ལོ་ ༡༩༦༧ ལོར་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་དབུ་རྩེའི་བར་ཐོག་ལུ་སྦེ་ རྩ་ཅན་གྱི་གསུང་རབ་ཕྱག་དཔེ་དུམ་གྲ་ཅིག་བསྒྲུབས་ཏེ་གཞི་བཙུགས་མཛད་གནང་ནུག རིམ་པ་བཞིན་དུ་གསུང་རབས་ཀྱི་ཕྱག་དཔེ་ཚུ་ གོང་འཕེལ་འགྱོ་བའི་སྟབས་ཀྱིས་ ས་གནས་ལྕང་སྒང་ཁ་ལུ་སྤོ་བཤུད་འབད་ནུག།

གནད་དོན་དེ་ལུ་བརྟེན་ཏེ་ནང་སྲིད་བློན་པོའམ་ སྐྱིད་སྡུག་བློན་པོ་ གཏམ་ཞིང་རྒྱ་གར་གྱིས་རྩ་ཅན་དང་བྱིན་རླབས་ཅན་གྱི་གསུང་རབས་གླེགས་བམ་ཚུ་ གཏན་བཞག་གི་མཁོ་བསྒྲུབ་འབད་ནིའི་དོན་ལུ་ སྒྲིང་གྱིམ་ཐོག་བཞི་ཟུར་བརྒྱད་རང་ལུགས་དབུ་རྩེའི་བཟོ་བཀོད་དང་ལྡན་པའི་ ད་ལྟོའི་དཔེ་བཛོད་སྒྲིང་ཁྱིམ་འདི་བརྐྱབས་གནང་ནུག།

རྩ་ཆན་གྱི་གསུང་རབ་མང་རབས་ཅིག་བསྡུ་གསོག་འབད་ཡོད་པའི་སྒྲིང་ཁྱིམ་འདི་ གནམ་ལོ་ ༡༩༨༤ ལོ་ལུ་བསྒྲུབས་ཏེ་ དེའི་རབ་གནས་འདི་ དབྱིན་ཟླ་ ༡༡ པའི་དབྱིན་ཚེས་ ༢༣ ལུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཛད་ཡོདཔ་མ་ཚད་ འགོ་འབྱེད་རྟེན་འབྲེལ་ཡང་ མི་རྗེ་ བརྒྱུད་འབྲེལ་དང་བལྟ་བཤལ་ལྷན་ཁག་གི་བློན་པོ་ སངས་རྒྱས་དཔལ་འབྱོར་མཆོག་གིས་མཛད་ནུག།

མ་དངུལ་ ས་ཡ་ ༣ གནས་ཡོད་པའི་ གཏན་བཞག་དཔེ་མཛོད་ཀྱི་སྒྲིང་ཁྱིམ་འདི་ ཕྱིའི་རྒྱལ་ཁབ་ཀྱི་གྲོགས་རམ་མ་དངུལ་ལུ་མ་ལྟོས་པར་ འབྲུག་རྒྱལ་གཞུང་གིས་མ་དངུལ་བཏང་ཐོག་ལས་བསྒྲུབས་ཏེ་ དཔེ་མཛོད་འདི་ནང་ལུ་སྤོ་བཤུད་འབད་དེ་ འདི་ད་ལྟོ་སྲོལ་འཛིན་ལས་ཁུངས་ཀྱི་འོག་ལུ་ཡོདཔ་ཨིན།།

མདོ་ཆེན།

འབྲུག་རྒྱལ་ཡོངས་དཔེ་མཛོད་གཞི་བཙུགས་གནང་ཞིནམ་ལས་ མདོ་ཆེན་མང་རབས་ཅིག་གིས་འགོ་ཁྲིད་མཛད་དེ་ ཕྱག་ཕྱིད་ཞུས་ཡོད་པའི་མཚན་ཐོ་གཤམ་གསལ་ལྟར་

  •    དགེ་བཤེས་ཚེ་དབང་།(༡༩༦༧ - ༡༩༧༢)
  •    སློབ་དཔོན་པདྨ་ལ།  (༡༩༧༣ - ༡༩༩༤)
  •    དྲགོས་སངས་རྒྱས་དབང་ཕྱུག  (༡༩༩༤ - ༡༩༩༩)
  •    མེ་ཉག་སྤྲུལ་སྐུ།  (༢༠༠༠ - ༢༠༠༣)
  •    རྡོ་རྗེ་ཚེ་རིང་།  (༢༠༠༥ - ༢༠༠༧)
  •   མགོན་པོ་ཚེ་རིང་། (༢༠༠༨ - ༢༠༡༠) མདོ་ཆེན་ལས་ཚབ།
  •    ཧར་ཀ་བི་གུ་རུང་(༢༠༡༠ - ...)

དགེ་བཤེས་ཚེ་དབང་།

དབྱིན་ལོ་ ༡༩༦༧ ལོ་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་འདི་གཞི་བཙུགས་གནང་ཞིནམ་ལས་ དགེ་བཤེས་ཚེ་དབང་མཆོག་ དཔེ་མཛོད་ཀྱི་མདོ་ཆེན་དང་པ་མཛད་ཡོདཔ་ཨིན། དགེ་བཤེས་མཆོག་གིས་རྒྱལ་ཡོངས་དཔེ་མཛོད་ཡར་བསྐྱེད་ཀྱི་དོན་ལུ་ བསྡུ་བསྒྲུབ་འབད་ཡོད་པའི་གསུང་རབས་ཚུ་ ཉམས་སྐྱོན་ཚུ་ག་ནི་ཡང་ཤོར་མ་བཅུག་པར་ལེགས་ཤོམ་སྦེ་བཞག་ནིའི་དོན་ལུ་ ཐབསཤེས་ཀྱི་ཕྱག་ལཱ་ཚུ་མཛད་པའི་མཐར་ དབྱིན་ལོ་ ༡༩༧༣ དགོངསམ་ཞུས་ནུག།

 

སློབ་དཔོན་པདྨ་ལ་ ( བླམ་པདྨ་ཚེ་དབང་ )

སློབ་དཔོན་པདྨ་ལ་

བླམ་པདྨ་ཚེ་དབང་ ཡོངས་གྲགས་ལུ་སློབ་དཔོན་པདྨ་ལ་ཟེར་ཞུ་མི་འདི་ མདོ་ཆེན་གཉིས་པ་སྦེ་ དབྱིན་ལོ་ ༡༩༧༣ ལོ་ལུ་ བསྐོ་བཞག་གནང་ཡོདཔ་ཨིན་པས། སློབ་དཔོན་པདྨ་ལ་མཆོག་ བུམ་ཐང་རྫོང་ཁག་ཆུ་སྨད་ལུ་སྐུ་འཁྲུངས་ཏེ་ སྐུ་ན་ཕྲ་བའི་སྐབས་ལས་འབྲི་ཀློག་གི་ཡོན་ཏན་སྦྱངབརྩོན་མཛད་དེ་ ཤུལ་ལས་ཁོ་རའི་ཕམ་གཉིས་ཀྱིས་ རྡོར་རིང་སྤྲུལ་སྐུ་མཆོག་གིས་བཅགས་གནང་པའི་ ཉི་མ་ལུང་བཤད་གྲྭ་ནང་ལུ་འཛུལ་བཞུགས་འབད་དེ་ རིག་གཞུང་གི་སྐོར་ཚུ་མཐིལ་ཕྱིན་འབད་སྦྱང་བརྩོན་མཛད་ནུག།

དེ་གིས་མ་ཚད་དཔར་ ཡོངས་གྲགས་ཅན་གྱི་བླམ་དང་མཁན་པོ་ ངག་དབང་ཡོན་ཏན་རྒྱ་མཚོ། འཕྲང་མགོ་རྟོགས་ལྡན། སྒྲུབ་བརྒྱུད་རིན་པོ་ཆེ། ཀཿཐོག་རིན་པོ་ཆེ་ ངག་དབང་ཕྲིན་ལས། མཁན་ཆེན་ ཐུབ་བསྟན་ཀུན་དགའ་རྒྱ་མཚོ། ཁུ་ནུ་བླ་མ་ བསྟན་འཛིན་རྒྱལ་མཚན། དེ་ལས་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་གཞན་ཡང་ རྙིང་མའི་བླམ་རྩ་ཅན་མང་རབས་ཅིག་བསྟེན་ཏེ་ ཐོས་བསམ་རྒྱ་ཆེན་པོ་མཛད་གནང་ནུག།

དབྱིན་ལོ་ ༡༩༦༡ ལོ་ལུ་ འབྲུག་གཞུང་གིས་གསར་བཙུགས་འབད་ཡོད་པའི་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭའི་སློབ་དཔོན་སྦེ་བསྐོས་བཞག་གནང་ནུག དབྱིན་ལོ་ ༡༩༦༧ ལོ་ལུ་ ཤེས་རིག་ལས་ཁུངས་ནང་རྩོམ་སྒྲིག་པ་སྦེ་གནས་སོར་བཏང་སྟེ་ སློབ་རིམ་བཞི་པ་ལས་བཅུ་པ་ཚུན་གྱི་ གནས་ཚད་ཅན་གྱི་རྫོང་ཁའི་རྩ་གཞུང་གསརཔ་རྩོམ་བསྒྲིགས་མཛད་གནང་ནུག།

དབྱིན་ལོ་ ༡༩༧༠ ལོ་ལུ་ དབང་ཕྱུག་ཤེས་ཡོན་སློབ་ཁང་ནང་ལུ་ གནས་སོར་བཏངམ་དང་འབྲེལ་ཏེ་ རྫོང་ཁའི་ནང་འབྲི་ནིའི་ལམ་ལུགས་བཟོ་དགོ་པའི་འགན་དབང་ཡང་ཐོབ་ནུག དེ་ལས་ དབྱིན་ལོ་ ༡༩༧༢ ལོ་ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ཞིང་ལུ་ཕེབས་ཞིནམ་ལས་ སྤུར་སྦྱངས་ཀྱི་སྤུར་ཐལ་མ་གཤགས་ཚུན་ཚོད་ལུ་ ཆོས་ཕྱོགས་ཀྱི་བྱ་སྒོ་ཚུ་འགོ་འདྲེན་འཐབ་གནང་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་འཐུས་མི་ཚུ་གིས་ རྫོང་ཁའི་སྐད་ཡིག་ལུ་ལོ་གཉིས་དགག་པ་མཛད་པའི་དགག་ལན་ཚུ་ བྲིས་ཏེ་ཚོགས་ཁང་ནང་བཀྲམ་སྤེལ་མཛད་དེ་ ལན་གསལ་ག་ནི་ཡང་མེད་དཔར་བཟོ་པའི་ཡིད་ཆེས་བའི་ཕྱག་ལཱ་བཟང་པོའི་མཛད་རྣམ་ལུ་དམིགས་ཏེ་ དབྱིན་ལོ་ ༡༩༩༩ ལོ་ལུ་ མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་ གཟེངས་བསྟོད་གསེར་གྱི་རྟགས་མ་ཡང་བཞེས་ནུག།

དབྱིན་ལོ་ ༡༩༧༣ ལུ་ རྒྱལ་ཡོངས་དཔེ་མཛོད་ལུ་ མདོ་ཆེན་སྦེ་གནས་སོར་བཏང་སྟེ་ དེ་ནང་ཕེབས་ཞིནམ་ལས་ནང་པའི་ཆོས་དང་འབྲེལ་བའི་ ལས་རྒྱུ་འབྲས་ལུ་ཡིད་ཆེས་བསྐྱེད་པའི་དཔེ་དེབ་ ‘འཁོར་འདས་ལམ་གསུམ’ ཟེར་མི་འདི་བརྩམས་གནང་ཡོདཔ་མ་ཚད་ མི་དབང་ཨ་ཞེ་ བསོད་ནམས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཞིབ་འཚོལ་མཐིལ་ཕྱིན་ཐོག་ལུ་ འབྲུག་གི་རྒྱལ་རབས་ཅིག་རྩོམ་བསྒྲིག་གནང་དགོ་པའི་བཀའ་རྒྱ་ཕེབས་བཞིན་དུ་ ‘འབྲུག་གསལ་བའི་མེ་ལོང་།’ ཟེར་བའི་དཔེ་དེབ་ཅིག་ཡང་གསར་བརྩམས་གནང་ནུག།

སློབ་དཔོན་པདྨ་ལ་མཆོག་གིས་ ཞི་བའི་གོ་གནས་མང་རབས་ཅིག་བཞེས་པའི་མཐར་ དབྱིན་ལོ་ ༡༩༩༣ ལོ་ལུ་དགོངསམ་ཞུ་སྟེ་ ཉི་མ་ལུང་གྲྭ་ཚང་གི་བླམ་མཛད་དེ་བཞུགསཔ་མ་ཚད་ དབྱིན་ལོ་ ༡༩༩༩ ལོར་ མི་དབང་འབྲུག་རྒྱལ་བཞི་པ་གསེར་ཁྲི་གུར་ཕེབས་ཏེ་ མི་ལོ་ཉེར་ལྔ་འཁོར་བའི་དུས་སྟོན་བརྩི་སྲུང་གི་སྐབས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཡང་བཞེས་ནུག།

 

དྲགོས་སངྱས་དབང་ཕྱུག

དྲགོས་སངྱས་དབང་ཕྱུག

དབྱིན་ལོ་ ༡༩༩༣ ཟླཝ་ ༩ པའི་ནང་ལུ་ གྲྭ་ཚང་ལྷན་ཚོགས་ནང་ཕྱག་ལཱ་མཛད་དེ་བཞུགས་མི་ དྲགོས་སངས་རྒྱས་དབང་ཕྱུག་མཆོག་ རྒྱལ་ཡོངས་དཔེ་མཛོད་ནང་མདོ་ཆེན་སྦེ་བསྐོ་བཞག་གནང་སྟེ་ དྲགོས་མཆོག་གིས་དཔེ་མཛོད་ནང་ དེང་སང་གི་མཁོ་གལ་ཆེ་བའི་དུས་ཀྱི་གྱུར་བ་དང་བསྟུན་ཏེ་ དཔེ་དེབ་ལྷག་མི་ཚུ་ལུ་ཕྱི་རྒྱལ་གྱི་དཔེ་དེབ་ཚུ་ཡང་མཁོ་བསྒྲུབས་འབད་དེ་ མི་དམངས་ཀྱིས་ཐོབ་ཚུགསཔ་བཟོ་ཡོདཔ་མ་ཚད་ ཞིབ་འཚོལ་གྱི་དོན་ལུ་དཔེ་དེབ་ཚུ་ཡང་གསོག་འཇོག་འབད་དགོ་པའི་སྲིད་བྱུས་བརྩམས་ནུག།

དབྱིན་ལོ་ ༡༩༩༦ ལོར་ དཔེ་མཛོད་མདོ་ཆེན་མཛད་བཞུགས་པའི་སྐབས་ ཌེ་ནེ་ཌའི་རྒྱབ་སྐྱོར་མ་དངུལ་གྱི་ཐོག་ལས་ ཌེན་མརྐ་རྒྱལ་གཞུང་དཔེ་མཛོད་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་གཉིས་ཀྱི་ཡུན་བརྟན་མཉམ་འབྲེལ་གྱི་ ལས་འགུལ་ཅིག་ཡང་གཞི་བཙུགས་གནང་སྟེ་ ལོ་ངོ་དྲུག་མདོ་ཆེན་སྦེ་ཕྱག་ཕྱིད་ཞུས་པའི་མཐར་ སྲོལ་འཛིན་ལས་ཁུངས་ཀྱི་དྲུང་ཆེན་གྱི་གོ་གནས་བཞེས་ནུག།

 

མི་ཉག་སྤྲུལ་སྐུ།

 མི་ཉག་སྤྲུལ་སྐུ།

མི་ཉག་སྤྲུལ་སྐུ་མཆོག་ ལོ་ངོ་ ཉེར་ལྔ་ཙམ་ སྤ་རོ་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་མདོ་ཆེན་མཛད་པའི་མཐར་ དབྱིན་ལོ་ ༡༩༩༩ ཟླཝ་ ༧ པའི་ཚེས་ ༡ ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་སྦེ་བྱོན་ནུག སྤྲུལ་སྐུ་མཆོག་གིས་ ཌེ་ནེ་ཌའི་དཔེ་མཛོད་མཉམ་འབྲེལ་གྱི་ལས་འགུལ་འདི་ རྒྱ་བསྐྱེད་གཏང་གནངམ་མ་ཚད་ རྒྱལ་ཡོངས་ཡིག་ཆའི་མཛོད་ཁང་དང་ དཔེ་མཛོད་ནང་གི་ཞིབ་འཚོལ་དང་ འཕྲུལ་རིག་ལས་ཚན་ཚུ་གོང་འཕེལ་བཏང་ནུག།

དེ་གིས་མ་ཚད་དཔེ་མཛོད་ནང་གི་ མཐུན་རྐྱེན་གྱི་ཅ་ཆས་ཆ་མཉམ་གསར་བཙུགས་མཛད་དེ་ ཞལ་འདེབས་ཀྱི་ཐོག་ལས་བསྡུ་ལེན་འབད་ཡོད་པའི་ དཔེ་མཛོད་ཀྱི་ཕྱག་དཔེ་ག་ར་ བསྐྱར་བཟོ་དང་ TBRC དང་ དཔལ་རི་དཔར་ཁང་ གི་ཞལ་འདེབས་ལུ་གནང་མི་ ཌི་ཇི་ཊེལ་ (Digital) དཔེ་མཛོད་བཅས་ གོང་འཕེལ་གཏང་བའི་མཐར་ དབྱིན་ལོ་ ༢༠༠༤ ཟླཝ་ ༡༢ པའི་ནང་ལུ་དགོངསམ་ཞུས་ཡོདཔ་ཨིན་པས།།

 

རྡོ་རྗེ་ཚེ་རིང་།

རྡོ་རྗེ་ཚེ་རིང་།

མི་ཉག་སྤྲུལ་སྐུ་མཆོག་དགོངསམ་ཞུས་པའི་ཤུལ་ལུ་ དབྱིན་ལོ་ ༢༠༠༥ ཟླཝ་ ༡ པའི་ནང་ དཔེ་མཛོད་ཀྱི་མདོ་ཆེན་ལྔ་པ་སྦེ་ རྡོ་རྗེ་ཚེ་རིང་མཆོག་བྱོན་ཡོདཔ་ཨིན། མདོ་ཆེན་མཆོག་ དཔེ་མཛོད་ནང་ལུ་ཕྱག་འགན་བ་བཞེས་པའི་ཧེ་མ་ ཤེས་རིག་སྡེ་ཚན་གྱི་ནང་ལུ་ ལོ་ངོ་མང་རབས་ཅིག་འཛིན་སྐྱོང་གི་གོ་གནས་བཞེས་པའི་ཉམས་མྱོང་ཅན་དང་ སློབ་དཔོན་མཁས་མཆོག་ཅན་གྱི་ཤེས་ཚད་ཡོདཔ་མ་ཚད་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་དབུ་འཛིན་ཕཱག་འགན་བསྣམས་ཏེ་བཞུགས་ནུག།

དཔེ་མཛོད་ནང་ལུ་ལོ་ངོ་གསུམ་ཙམ་ མདོ་ཆེན་གྱི་ཕྱག་འགན་བཞེས་ཏེ་བཞུགས་པའི་སྐབས་ ཌེ་ནེ་ཌེའི་ལས་འགུལ་གྱི་ ལས་འཆར་ཚུ་ལུ་ལྟ་རྟོག་མཛད་དེ་ རྒྱ་ཡོངས་དཔེ་མཛོད་ནང་ མཁོ་བསྒྲུབས་འབད་ཡོད་པའི་ཕྱག་དཔེ་ཚུའི་ཞབས་ཏོག་དང་ དེ་ལས་ རྒྱལ་ཡོངས་དཔེ་མཛོད་འདི་འབྲུག་ནང་འཁོད་དང་རྒྱལ་སྤྱིའི་ནང་ལུ་ དེང་སང་གི་ཐབས་རིག་འདྲ་མིན་སྣ་ཚོགས་ཀྱི་ཐོག་ལས་ འབྲེལ་བ་ཡོདཔ་སྦེ་བཟོ་ཐབས་ལུ་བརྩོན་ཤུགས་མཛདཔ་བཞིན་དུ་ གོང་འཕེལ་ཡང་བཏང་ཡོདཔ་ཨིན། དེ་ལས་ དབྱིན་ལོ་ ༢༠༠༧ ཟླཝ་ ༩ པའི་ནང་ལུ་ ནང་སྲིད་ལྷན་ཁག་གི་འོག་ལུ་ཡོད་པའི་ སྲོལ་འཛིན་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་གྱི་གོ་གནས་བཞེས་ཏེ་ ད་ལྟོ་ལས་འཛིན་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་གྱི་ཕྱག་འགན་བཞེས་ཏེ་ཡོདཔ་ཨིན།།

རྗེས་སུ་…