English

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་བལྟ་སྐོར།

དཔེ་མཛོད་ཁང་།

ད་ལྟོ་ཡོད་པའི་ དཔེ་མཛོད་ཀྱི་སྒྲིང་ཁྱིམ་ཐོག་ཚད་བཞི་སྦེ་མི་འདི་ རང་ལུགས་འབྲུག་པའི་ལྷ་ཁང་གི་བཟོ་བཀོད་དང་ལྡནམ་སྦེ་བཞེངས་ཡོདཔ་མ་ཚད་ སྒྲིང་ཁྱིམ་གཙོ་བོའི་ཤར་ཁ་ཐུག་ལུ་ ཐོག་ཚད་གསུམ་དང་ལྡན་པའི་བདག་སྐྱོང་གི་སྒྲིང་ཁྱིམ་གསརཔ་ཅིག་ཡང་ ཧ་ལམ་བསྒྲུབས་ཚར་ཏེ་ཡོདཔ་ཨིན། དེ་ལས་ དེའི་བྱང་ཁ་ཐུག་ལུ་ ཐོག་ཚད་གཉིས་དང་ལྡན་པའི་ རྒྱལ་ཡོངས་ཀྱི་ཡིག་ཆའི་རིགས་རྙིངམ་ཚུ་གཏན་བཞག་གི་དོན་ལུ་ གསོག་འཇོག་གི་སྒྲིང་ཁྱིམ་ཡོདཔ་ཨིན༎

སྒྲིང་ཁྱིམ་གཙོ་བོ།

དཔེ་མཛོད་ཀྱི་སྒྲིང་ཁྱིམ་གཙོ་བོའི་ འཛུལ་སྒོ

མཛེས་པའི་མེ་ཏོག་ལྡུམ་ར་གིས་མཐའ་བསྐོར་ཏེ་ཡོད་པའི་ དཔེ་མཛོད་ཀྱི་སྒྲིང་ཁྱིམ་གཙོ་བོ་འདི་ དབྱིན་ལོ་ ༡༩༨༤ ལོ་ལུ་ཕྱི་ནང་མེད་པར་བསྒྲུབས་ཚར་ཏེ་ ད་ལྟོ་བྱིན་རླབས་ཅན་གྱི་ གསུང་རབས་དང་དཔེ་ཆ་མང་རབས་ཅིག་ གསོག་འཇོག་འབད་དེ་ཡོདཔ་ཨིན།

ཕྱིའི་བཟོ་བཀོད་ལྷ་ཁང་དང་འདྲ་བའི་གཟི་བརྗིད་ཅན་གྱི་དཔེ་མཛོད་ནང་ལུ་ བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་རྒྱལ་པོའི་མཚན་དང་དཔེ་བྱེད་རྫོགས་པའི་སྐུ་མཚོན་བྱེད་ལུ་ འབུར་སྐུའི་བྱེ་བྲག་དང་ ཐང་ཀ་ལྡེབས་རིས། ཚངས་དབྱངས་རྫོགས་པའི་གསུང་མཚོན་བྱེད་ལུ་ གསུང་རབས་ཀྱི་གླེག་བམ་ བཀའ་བགྱུར་དང་བསྟན་འགྱུར་ཚུ་གིས་གཙོས་པའི་ དཔར་མ་དང་བྲིས་མའི་རིག་གཞུང་ཚུ་དང་། དེ་ལས་ སྒྲིབ་པ་ལ་སོགས་པའི་ དྲི་མ་ཀུན་དག་པའི་ཐུགས་མཚོན་བྱེད་ལུ་ མཆོད་རྟེན་རྣམ་པ་བརྒྱད་ག་ར་དཔེ་མཛོད་ནང་ལུ་ཚང་སྟེ་བཞུགས་ཡོདཔ་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་འདི་ འབྲུག་མི་ག་ར་གིས་ཕྱག་མཆོད་ཕུལ་སའི་གནས་ རྩ་ཅན་ཅིག་སྦེ་བརྩི་མཐོང་བསྐྱེད་དོ་ཡོདཔ་ཨིན༎

ཐོག་ཚད་དང་པའི་ མཆོད་བཤམས།

འོག་ཐོག

འོག་ཐོག་གི་ མཆོད་བཤམས།

དཔེ་མཛོད་ཀྱི་སྒྲིང་ཁྱིམ་གཙོ་བོའི་ཐོག་དང་པའི་ནང་འཛུལཝ་ཅིག་ གཡས་ཁ་ཐུག་ལུ་ཤོག་བྱང་སྤྲོད་ལེན་འབད་སའི་ཁང་མིག་འདི་ནང་ དཔེ་གཉེརཔ་དང་ སྐུ་མགྲོན་གྱི་ལག་དེབ་ཚུ་ཡོདཔ་མ་ཚད་ དུས་ཀྱི་འཕོ་འགྱུར་དང་བསྟུན་པའི་ དེང་སང་གི་དེབ་གཟུགས་ལུ་ཡོད་པའི་ནང་པའི་ཆོས་ལུགས་ཁག་མ་འདྲཝ་ཚུ་གི་གསུང་རབས་ཚུ་དང་ དེབ་གཟུགས་ནང་ལུ་ཡོད་པའི་དཔར་བསྐྲུན་འབད་བའི་ ཨུར་ག་བཀའ་འགྱུར་། ཇཔཱན་བཀའ་འགྱུར། དེ་ལས་ དར་ཐང་བཀའ་འགྱུར་དང་བསྟན་འགྱུར་ཚུ་ཡང་བཞུགས་ཡོདཔ་མ་ཚད་ ཞིབ་འཚོལ་པ་ཚུ་གིས་ ཕྱག་དཔེ་གཟིགས་སའི་ས་ཁོངས་སྦེ་ཡང་ལག་ལེན་འཐབ་དོ་ཡོདཔ་ཨིན།།

དཔེ་མཛོད་ཁང་གི་ཐོག་ཚད་དང་པའི་ནང་ལུ་འཛུལ་ཞིནམ་ལས་ ཕྱོགས་གཡོན་གྱི་ཁ་ཐུག་ལུ་ “Bhutan: A Visual Odyssy the Last Himalaya Kingdom” ཟེར་མིའིི་དཔར་དེབ་འདི་ མཻ་ཀལ་ཧའུ་ལེ་ (Michel Hawley) གིས་གཙོས་པའི་ MIT Media Labs ལས་ སྡེ་ཚན་ཆ་རོགས་ཚུ་གིས་ འབྲུག་ལུ་ཐེངས་བཞི་ལྟ་བསྐོར་ལུ་འོང་སྟེ་ ཁོང་ཚུ་གིས་བཏབ་ཡོད་པའི་དཔར་ཚུ་ལས་བསྡུ་བསྒྲིགས་འབད་ཡོད་པའི་ འཛམ་གླིང་ནང་ལུ་དཔར་དེབ་སྦོམ་ཤོས་ ཧ་ལམ་ལྗིད་ཚད་ ཀེ་ཇི་ ༦༠ དང་ རྒྱ་ཚད་རིང་ཐུང་ ཕིཊ་ ༧ ཡོད་པའི་དཔར་དེབ་ཅིག་ ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་ མི་དམང་ག་ར་ལུ་འགྲེམས་སྟོན་གྱི་ཚུལ་དུ་བཞག་ཡོདཔ་ཨིན༎

དེ་གིས་མ་ཚད་ འཛུལ་སྒོའི་གདོང་ཕྱོགས་ཀྱི་མཆོག་བཤམས་ཀྱི་ནང་ལུ་ བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་མཛད་རྣམ་ ཁྱད་དུ་འཕགས་པ་བརྒྱད་མཚོན་པའི་ མཆོད་རྟེན་རྣམ་པ་བརྒྱད་ཡང་བཞུགས་ཡོདཔ་ཨིན། མཆོག་རྟེན་རྣམ་པ་བརྒྱད་ཟེར་མི་འདི་ སངས་རྒྱས་སྐུ་བལྟམས་པ་ པདྨ་སྤུངས་པའི་མཆོད་རྟེན། སངས་རྒྱས་པ་ བྱང་ཆུབ་མཆོད་རྟེན། ཆོས་ཀྱི་འཁོར་ལོ་བསྐོར་བ་ ཆོས་འཁོར་མཆོད་རྟེན། རྫུ་འཕྲུལ་འགྲན་པ་ ཆོ་འཕྲུལ་མཆོད་རྟེན། རྒྱལ་བ་ལྷ་ལས་བབས་པ་ ལྷ་བབས་མཆོད་རྟེན། དགེ་འདུན་པའི་ དབྱེན་ཟླུམ་མཆོད་རྟེན། སྐུ་ཚེ་བྱིན་གྱིས་བརླབས་པ་ རྣམ་རྒྱལ་མཆོད་རྟེན། སྐུ་མྱ་ངན་ལས་འདས་པ་ མྱང་འདས་མཆོད་རྟེན་ཚུ་ཨིན། མཆོད་རྟེན་དེ་ཚུའི་རྒྱབ་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྒྲ་སྒྱུར་མར་པ་ལོ་ཙཱ་བ། རྗེ་བཙུན་མི་ལ། སྒམ་པོ་པ་བསོད་ནམས་རིན་ཆེན། ཕག་མོ་གྲུབ་པ་ཚུ་ལྡེབས་རིས་སུ་བཀོད་དེ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན༎

དོ་རུང་ དེའི་གཡོན་ཁ་ཐུག་ལུ་ སྤུངས་ན་ཁ་རྫོང་གི་བཟོ་བཀོད་སྦོམ་གཅིག་ཡང་ དཔེ་སྟོན་གི་དོན་ལུ་བཞག་ཡོདཔ་ཨིན ིན༎

ཐོག་དང་པར་

ཐོག་དང་པའི་ མཆོད་བཤམས།

ཐོག་ཚད་གཉིས་པའི་ མཆོད་བཤམས།

སྒྲིང་ཁྱིམ་ཐོག་ཚད་གཉིས་པའི་ནང་ལུ་ གངས་ལྗོངས་ཧི་མ་ལ་ཡན་གྱི་ ནང་པའི་ཆོས་དང་འབྲེལ་བའི་ཆོས་སྐད་ནང་བྲིས་ཏེ་ཡོད་པའི་བོན་པོའི་བཀའ་འགྱུར་དང་བསྟན་འགྱུར། བཀའ་དམ། ས་སྐྱ། ཇོ་ནང་པ་དང་ ཞྭ་ལུ། དེ་ལས་ དགེ་ལུགས་ཀྱི་གསུང་འབུམ་ཚུ་དང་ གསོ་བ་དང་རྩིས། བརྡ་ཡིག་གི་ཕྱག་དཔེ་ཚུ་བཞུགས་ཏེ་ཡོདཔ་ཨིན༎

དང་པ་རང་ ས་སྐྱའི་བླམ་ཚུ་གིས་མཛད་པའི་ས་སྐྱའི་ཆོས་ལུགས་ཀྱི་གསུང་རབས་ ས་སྐྱ་བཀའ་འབུམ་དང་ རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་དང་ལམ་འབྲས། དེ་ལས་ གཞན་ཡང་ས་སྐྱའི་ཆོས་ལུགས་དང་འབྲེལ་བའི་གསུང་རབས་ཚུ་ ན་བཟའ་ལྗང་ཁུ་གིས་སྤུར་ཏེ་ཡོདཔ་ཨིན། ས་སྐྱའི་ཆོས་ལུགས་ཀྱི་ཕྱག་དཔེ་ཚུ་ལས་ མང་ཤོས་རང་ དབྱིན་ལོ་ ༡༤༢༨-༡༥༠༧ ལུ་བྱོན་མི་ས་སྐྱའི་བླམ་ གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་མཛད་ཡོད་པའི་གསུང་རབས་ཚུ་ཡོདཔ་ལས་ དེ་ཡང་ སྔོན་བོད་ལུ་མངའ་ཁུལ་ཆོས་ལུགས་ཀྱི་བར་ན་འཁྲུགས་རྩོད་བྱུང་སྟེ་ ས་སྐྱའི་ཆོས་ལུགས་དང་འབྲེལ་བའི་གསུང་རབས་ཚུ་རྩ་མེད་བཏང་པའི་སྐབས་ རྗེ་མཁན་ཁྲི་རབས་ ༩ པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་ (༡༧༤༤-༡༧༥༥) གིས་ བོད་ལུ་ཡོད་པའི་ས་སྐྱའི་གསུང་རབས་ཀྱི་འདྲ་ཕུད་དོ་གཅིག་ལས་ རྗེ་ཁོ་ར་གིས་ཡིག་ཐོག་ལུ་བཀོད་དེ་ རྗེ་གི་གདན་ས་ཕ་ཇོ་སྡིངས་འོག་མིན་གཉིས་པའི་ལྷ་ཁང་ནང་བཞག་གནང་ཡོད་རུང་ ཤུལ་ལས་ས་སྐྱའི་གསུང་རབས་ཚུ་དེ་ལས་ འདྲ་བཤུས་བརྐྱབས་ཏེ་རྒྱལ་ཡོངས་དཔེ་མཛོད་ཀྱིས་ དབྱིན་ལོ་ ༡༩༧༥ ལོ་ལུ་དཔར་སྐྲུན་འབད་དེ་ཡོདཔ་ཨིན༎

དེའི་རྒྱབ་ལུ་ ན་བཟའ་ཧོནམ་གྱིས་སྤུར་ཏེ་ཡོད་པའི་ ཞང་ཞུང་ལས་ཆོས་སྐད་ནང་སྐད་བསྒྱུར་མཛད་ཡོད་པའི་ (ལྷོའི་གཏེར་ལུགས) ཟེར་ བོན་པོའི་བཀའ་འགྱུར་དང་བསྟན་འགྱུར་འདི་བཞུགས་ཡོདཔ་ཨིན། དེ་ཡང་ སྤ་རོ་རྫོང་ཁག་གི་ཉེ་འདབས་ལུ་ཡོད་པའི་ བྱག་ཕུག་གཅིག་ལས་ལུག་རྫིཔ་གཅིག་གིས་གཏེར་བཞེས་པའི་ ལོ་རྒྱུས་ཡོདཔ་ཨིན། དེ་ལས་ དེ་གཡས་ཕྱོགས་ལུ་ མཁས་སྒྲུབ་གཉིས་ལྡན་གྱི་དགེ་ལུགས་པའི་བླམ་ ཡོངས་གྲགས་ལུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཚུ་གི་གཙོས་པའི་ཕྱག་དཔེ་གཞན་ཚུ་ཡང་ ན་བཟའ་སེརཔོ་ཕུལ་ཏེ་ཡོདཔ་ཨིན།།

མདུན་ཕྱོགས་ཀྱི་མཆོད་བཤམས་ནང་ལུ་ དུས་རབས་ ༨ པའི་ནང་བྱོན་ཏེ་ གསང་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་དང་ ཁ་བཞི་འབྲུག་གི་རྒྱལ་ཁབ་གཅིག་ཏུ་བསྒྲིལ་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་གཏོད་གནང་མི་ བཀྲིན་མཚུངས་མེད་དམ་པ་མཐུ་ཆེན་ངག་དབང་རྣམ་རྒྱལ་དང་ གུ་རུ་རིན་པོ་ཆེ་གིས་ སྙིགས་མའི་སེམས་ཅན་ཚུ་གི་རྒྱུད་ལུ་ བསོད་ནམས་ཚོགས་གཉིས་བསག་ནིའི་དོན་དམིགས་ཏེ་ ཐུགས་གཏེར་དགོངས་གཏེར་གསང་གཏེར་ལ་སོགས་པ་སྦས་གནང་སྟེ་ ཤུལ་ལས་ཁོ་རའི་ལུང་བསྟན་དང་འཁྲིལ་ཏེ་ རྒྱལ་ཁབ་མཐའ་དབུས་མེད་པ་ལས གཏེར་བཞེས་ཤིང་སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་མཛད་པའི་ གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་ཡང་བཞུགས་ཡོདཔ་ཨིན། དེའི་གཡོན་ལུ་ རྒྱལ་བ་ཀརྨ་པ་སྐུ་ཕྲེང་ ༡༦ པ་ རང་འབྱུང་རིག་པའི་རྡོ་རྗེ། (༡༩༢༤-༡༩༤༠) གིས་ཞལ་འདེབས་སྦེ་ཕུལ་བའི་ སྡེ་དགེ་མཚལ་དཔར་ བཀའ་འགྱུར་དང་བསྟན་འགྱུར་ཚུ་བཞུགས་ཡོདཔ་ཨིན༎

ཐོག་གཉིས་པར་

ཐོག་གཉིས་པའི་ མཆོད་བཤམས།

ཐོག་གཉིས་པའི་ནང་ལུ་ རྙིང་མའི་བླམ་ཚུ་གིས་མཛད་པའི་གསུང་འབུམ་སྣ་ཚོགས་ཚུ་བཞུགས་ཡོདཔ་ཨིན། དེ་གིས་མ་ཚད་ རྙིང་མའི་གལ་གནད་ཅན་གྱི་གསུང་འབུམ་ དཔར་ཐེངས་ཁག་མ་འདྲཝ་སྦེ་བཏབ་ཡོད་པའི་ གསང་སྔགས་ཀྱི་ཕྱག་དཔེ་དང་རྙིང་མ་བརྒྱུད་འབུམ། དེ་ལས་ པོ་ཏི་ ༡༠༠ ཡོད་པའི་རིན་ཆེན་གཏེར་མཛོད་དང་མཉམ་ཅིག་ བོད་དང་འབྲུག་གི་གཏེར་སྟོན་པ་པདྨ་གླིང་པ། རྡོ་རྗེ་གླིང་པ། རདྣ་གླིང་པ། མྱང་རལ་ཉི་མ་འོད་ཟེར། སངས་རྒྱས་གླིང་པ། རིག་འཛིན་རྒོད་ལྡེམས་པ། རྗེ་བཙུན་སྙིང་པོ། ཀློང་གསལ་སྙིང་པོ། གནམ་ཆོས་མི་འགྱུར་རྡོ་རྗེ། འཇིགས་མེད་གླིང་པ། མཆོག་འགྱུར་གླིང་པ་ཚུ་དང་གཞན་གིས་ཡང་གཏེར་ལས་བཞེས་པའི་ ཟབ་ཆོས་དང་གཏེར་ཆོས། དབང་ལུང་དང་འབྲེལ་བའི་བཀའ་མའི་གསུང་འབུམ་ཚུ་དང་ རྙིང་མའི་བླམ་ རོང་ཟོམ་པཎྜྀ་ཏ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འཇུ་མི་ཕམ་ལ་སོགས་པ་ཚུ་གིས་མཛད་པའི་ ཕྱག་དཔེ་ག་ར་ཁང་མིག་དེ་ནང་ལུ་བཞུགས་ཡོདཔ་ཨིན༎

མཆོད་བཤམས་ཀྱི་ནང་ལུ་ རིགས་གསུམ་མགོན་པོའི་སྐུ་འདྲ་བཞུགས་ཡོདཔ་ཨིན༎

སྟེང་ཐོག་

སྟེང་ཐོག་གི་ མཆོད་བཤམས།

སྟེང་ཐོག་གི་ མཆོད་བཤམས།

སྟེང་ཐོག་ནང་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བླམ་མི་ལ་རས་པ། རས་ཆུང་པ། སྒམ་པོ་པ། ཕག་མོ་སྒྲུབ་པ། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས། ཀུན་མཁྱེན་པདྨ་དཀར་པོ། རྗེ་ཤཱཀྱ་རིན་ཆེན། རྗེ་དགེ་འདུན་རིན་ཆེན་ལ་སོགས་པའི་ རྗེ་མཁན་རིམ་བྱོན་དང་ གཞན་ཡང་སྐྱེས་བུ་དམ་པ་ཚུ་གི་གསུང་རབས་ཚུ་མཁོ་བསྒྲུབས་འབད་དེ་ཡོད༎

དེ་གིས་མ་ཚད་དཔར་ཐེངས་མ་འདྲཝ་ རྒྱ་གར་སཾ་ཀྲི་ཏའི་སྐད་ལས་ བོད་དབུས་གཙང་དག་པའི་སྐད་ལུ་བསྒྱུར་ཡོད་པའི་ བཀའ་འགྱུར་དང་བསྟན་འགྱུར། དེང་སང་གི་དཔར་སྐྲུན་འབད་ཡོད་པའི་ སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར། རྒྱ་ནག་ལུ་བཏབ་པའི་ བི་ཇིང་ (Beijing) བཀའ་འགྱུར་དང་བསྟན་འགྱུར། དེ་ལས་ སྔོན་དང་ཕུགས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ ཆ་ཚང་གཅིག་ཡང་བཞུགས་ཏེ་ཡོདཔ་ཨིན༎

མཆོད་བཤམས་ནང་ལུ་ སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་ཆུང་བ་གྲངས་ ༤༨ ཀྱིས་བསྐོར་ཏེ་ཡོད་པའི་ སངས་རྒྱས་ཀྱི་འབུར་སྐུ་སྦོམ་གཅིག་བཞུགས་ཡོདཔ་ཨིན། དེ་ཚུ་གིས་མ་དོ་བར་ སྔོན་བྱོན་རྒྱལ་བ་གོང་མའི་ཕྱག་བཤུལ་བཟང་པོ་ འབྲུག་པའི་སྔར་ཁྱུན་ཐུན་མོང་མིན་པའི་ཕཡག་དཔེ་བྲིས་མ་དག་པ་ཅིག་དང་ ཐའི་རལེནཌ་རྒྱལ་ཁབ་ཀྱི་ཞལ་འདེབས་སྦེ་ཕུལ་བའི་ ཏ་ལའི་ལོ་མ་གུར་བྲིས་པའི་ཕྱག་དཔེ་གཅིག་ཡང་ འགྲེམ་སྟོན་གྱི་དོན་ལུ་བཞག་ཡོདཔ་ཨིན༎

ཡིག་རིགས་གཏན་འཇོག་ཁང་།

དཔེ་མཛོད་སྒྲིང་ཁྱིམ་གཙོ་བོ་གི་བྱང་ཁ་ཐུག་ལུ་ ཐོག་ཚད་གཉིས་སྦེ་མི་ཡིག་རིགས་གཏན་འཇོག་ཁང་འདི་ འབྲུག་རྒྱལ་ཁབ་ནང་ཤིན་ཏུ་དཀོན་པའི་ཡིག་ཆའི་རིགས་དང་ གསུང་རབས། དེ་ལས་ཤིང་དཔར་དང་པར་གྱི་རིགས་ཆ་མཉམ་ ཐོ་བཀོད་འབད་དེ་མ་འོངས་རྒྱུན་སྐྱོང་དོན་ལུ་དམིགས་ཏེ་ དེ་ནང་གསོག་འཇོག་དང་ཉམས་སྲུང་འཐབ་སྟེ་བཞག་དོ་ཡོདཔ་ཨིན༎

ཧེ་མ་སྦེ་བ་ཅིན་ གོང་གི་གསུང་རབས་རྙིངམ་མང་ཤོས་ར་ དཔེ་མཛོད་དེ་ནང་བཞགཔ་ཨིན་རུང་ད་ལྟོ་ དེ་ཚུ་ག་ར་ཡིག་རིགས་གཏན་འཇོག་ཁང་ནང་བསྐྱེལ་ཏེ་ ཉེན་སྐྱོབ་དང་ཉམས་སྲུང་འཐབ་ཏེ་གསོག་འཇོག་འབད་དོ་ཡོདཔ་ཨིན། དེའི་ནང་ལུ་ གསེར་བྲིས་མ་དང་དང་ཕུགས་ཀྱི་དཔར་མའི་གསུང་འབུམ་འགང་ཅན་ཚུ་བཞག་སྟེ་ཡོདཔ་ཨིན༎

རྒྱལ་ཡོངས་ཡིག་རིགས་གཏན་འཇོག་ཁང་ངམ་གཏན་མཛོད་ཁང་འདི་ ཞིབ་འཚོལ་འབད་མི་ཚུ་གིས་དུས་སྟབས་བཟོ་སྟེ་ དམིགས་བསལ་གྱི་ཡིག་ཆའི་རིགས་ཚུ་བཏོན་ནང་ཡོདན་མ་གཏོགས་ མི་དམང་ག་ར་གི་དོན་ལུ་སྒོ་ཕྱེ་ནི་མེདཔ་ཨིན། གནད་དོན་དེ་ལུ་བརྟེན་ཏེ་ དཀོན་དྲག་པའི་ཡིག་ཆའི་རིགས་ཚུ་ མི་ཉམས་སྲུང་སྐྱོབ་འབད་བའི་ཐོག་ལས་ མི་དམང་ག་ར་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་གིས་ རྒྱལ་ཡོངས་ཌི་ཇི་ཊལ་དཔེ་མཛོད་ཀྱི་གློག་འབྲེལ་ཐོག་ལས་ དེའི་མཐུན་རྐྱེན་འཐོབ་ཚུགསཔ་བཟོ་ནིའི་འཆར་གཞི་ཡོདཔ་ཨིན༎

རྒྱལ་ཡོངས་ ཡིག་རིགས་གཏན་འཇོག་ཁང་གི་སྐོར་ལས་ མང་སུ་…