English

གནས་ཚུལ་དང་དུས་སྟོན།

རྒྱལ་ཡོངས་དཔེ་མཛོད་ཀྱི་གནས་ཚུལ། ༢༠༠༧

༢༠༠༧ དབྱིན་ཟླ་ ༡༡ པ།

རྒྱལ་རབས་ཅན་གྱི་ཅ་རྙིང་ཚུ་འགྲེམས་སྟོན་གྱི་དོན་ལུ་ བཏང་ཡོད་པའི་ཞབས་སྐྱེལ་གྱི་རྟེན་འབྲེལ།

སྤྱི་ལོ་ ༢༠༠༧ ཟླཝ་ ༡༡ པའི་ཚེས་ ༢༤ ལུ་ རྒྱལ་རབས་ཅན་དང་ དཀོན་དྲགས་ཅན་གྱི་སྐུ་གསུངཐུགས་རྟེན་གྱི་རིགས་ཚུ་ ཧ་ཝཻ་ (Hawaii) ལུ་ཡོད་པའི་ ཧོ་ནོ་ལུ་ལུ་ (Honolulu) སྒྱུ་རྩལ་རིག་པའི་སློབ་སྦྱོང་ཁང་ནང་ལུ་འབད་ འགྲེམས་སྟོན་ འབད་ནི་ཨིན་མས།

ས་གནས་དེ་ཁར་ འགྲེམས་སྟོན་འབད་བའི་ཤུལ་ལས་ འཛམ་གླིང་ནང་གི་རྒྱལ་ཁབ་སོ་སོ་ཚུ་ནང་ལུ་ ལོ་གཉིས་ཀྱི་རིང་ལུ་ འགྲེམས་སྟོན་འབད་ནི་ཨིནམ་ལས་ སྐུ་གསུང་ཐུགས་རྟེན་གྱི་རིགས་དེ་ཚུ་ ས་གནས་དེ་ཁར་ བར་རྐྱེན་གང་ནི་ཡང་མེད་པར་ ལེགས་ཤོམ་འབད་ལྷོད་ནི་དང་ ཡང་ལོག་སྟེ་འབྲུག་རྒྱལ་ཁབ་ནང་ལུ་ ཕེབས་ནིའི་དོན་ལུ་ཞབས་སྐྱེལ་གྱི་རྟེན་འབྲེལ་འདི་ཡང་ གཙུག་ལག་སློབ་དཔོན་མཆོག་གིས་ མཛད་གནང་ཡོདཔ་ཨིན༎

མང་སུ་ ...

དྲྭ་འབྲེལ་ཡར་དྲགས་དང་ སྦྱོང་བརྡར།

 

༢༠༠༧ དབྱིན་ཟླ་ ༩ པ།

ཉམས་སྲུང་གོ་བསྡུར་ཞལ་འཛོམས་ནང་བཅའ་མར་གཏོགས་མི།

ཉམས་སྲུང་གི་གོ་བསྡུར་ཞལ་འཛོམས།

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༩ པའི་ཚེས་ ༥ ལས་ ༡༢ ཚུན་གྱི་རིང་ལུ་ ཌན་མཀ་རྒྱལ་གཞུང་དཔེ་མཛོད་ཀྱི་འགོ་འདྲེན་གྱི་ཐོག་ལས་ དཔེ་རྙིང་ཚུ་ ཉམས་སྲུང་དང་མི་ཉམས་རྒྱུན་སྐྱོང་གི་གོ་ བསྡུར་ཞལ་འཛོམས་ཅིག་ཚོགས་ཡོདཔ་ཨིན། དེ་ནང་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་དང་ གཞུང་གྲྭ་ཚང། རྟ་མགོ་བཤད་གྲྭ་དང་ སྲོལ་འཛིན་ལས་ཁུངས། སྤ་རོ་འགྲེམ་སྟོན་ཁང་དང་ རྒྱལ་ཡོངས་ཤེས་རིག་སྤེལ་ཁང་། དེ་ལས་ བསམ་རྩེ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་དང་ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་ཚུ་ལས་ དཔེ་མཛོད་དོ་དམ་དང་ ལས་གཡོགཔ་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན༎

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༨ པ།

VSAT dish.

VAST གི་འབྲེལ་བ་ གཞི་བཙུགས་འབད་ཡོདཔ།

VAST གི་འབྲེལ་བ་འདི་ རྒྱལ་ཡོངས་དཔེ་མཛོད་ཀྱི་ བདག་སྐྱོང་གི་སྒྲིང་ཁྱིམ་གསརཔ་ནང་ལུ་ གཞི་བཙུགས་འབད་ཡོདཔ་མ་ཚད་ དེ་ཡང་ སྤྱིར་དཔེ་མཛོད་ཀྱི་ལས་གཡོགཔ་ཚུ་ལུ་ ཡོངས་འབྲེལ་གྱི་ཞབས་ཏོག་ མགྱོགས་དྲགས་འབད་བྱིན་ཚུགས་ནིའི་དོན་ལུ་ཨིན། ལྷག་དཔར་དུ་ ALEPH དཔེ་མཛོད་དངོས་ཐོའི་ལམ་ལུགས་ འགོ་འདྲེན་འཐབ་མི་ དཔེ་མཛོད་ཀྱི་མཛའ་མཐུན་ ཌན་མརྐ་རྒྱལ་གཞུང་དཔེ་མཛོད་དང་མཉམ་ ཡོངས་འབྲེལ་གྱི་འབྲེལ་བ་མགྱོགས་དྲགས་གི་ཐོག་ལས་ བློ་གཏད་ཐུབ་པའི་བརྡ་དོན་ཚུ་སྤྲོད་ཚུགས་ནིའི་དོན་ལུ་ཨིན༎

 

 

 

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༧ པ།

བདག་སྐྱོང་གི་སྒྲིང་ཁྱིམ་རྐྱབ་པའི་བསྒང་།

བདག་སྐྱོང་གི་སྒྲིང་ཁྱིམ་གསརཔ་འདི་སྒྲུབ་ཚར་ཡོདཔ།

རྒྱལ་ཡོངས་དཔེ་མཛོད་ཀྱི་ ཧེ་མའི་བདག་སྐྱོང་སྒྲིང་ཁྱིམ་འདི་ སྐབས་ཅིག་གི་བཟོ་བཀོད་བཟུམ་ཅིག་ལུ་གྱུར་ཡོད་མི་དེ་ཡང་ ལོ་ཅིག་བ་ལོ་ཅིག་དཔེ་མཛོད་འདི་ནང་ལུ་ ནམ་རྒྱུན་གྱི་ལས་སྒོ་ཚུ་ཡར་སེང་གྱོཝ་ལས་བརྟེན་ཏེ་ བདག་སྐྱོང་གི་སྒྲིང་ཁྱིམ་གསརཔ་གཅིག་ བརྐྱབ་དགོཔ་འཐོན་ཡོད་རུང་ མ་དངུལ་ཐོབ་མ་ཚུགསཔ་ལས་ འཆར་དོན་འདི་འགྲུབ་མ་ཚུགས། ཨིན་རུང་ མཐའ་མཇུག་ལུ་ ང་བཅས་ཀྱི་མཁོ་འདོད་བསྐྱེད་ཡོད་པའི་སྒྲིང་ཁྱིམ་གསརཔ་འདི་ རྐྱབ་ནིའི་དོན་ལུ་ ཁྱིམ་མཚེས་རྒྱལ་ཁྱབ་རྒྱ་གར་གཞུང་གིས་ བྱམས་བརྩེའི་ཐོག་ལས་ མ་དངུལ་ས་ཡ་ ༢༠ གནང་ཡོདཔ་ཨིན༎

རྨང་བཙུགས་ཀྱི་རྟེན་འབྲེལ་འདི་ཡང་ སྤྱི་ལོ་ ༢༠༠༥ དབྱིན་ཟླ་ ༡༢ པའི་ཚེས་ ༨ ལུ་ མི་རྗེ་བློན་ཆེན་ འཇིགས་མེད་འོད་ཟེར་ཕྲིན་ལས་མཆོག་དང་ རྒྱ་གར་གཞུང་གི་སྐུ་ཚབ་ སུ་དྷིར་བྷྱིས་ (Sudhir Vyas) མཆོག་གིས་མཛད་དེ་ ད་ཧ་ལམ་སྒྲུབ་ཚར་དོ་ཡོདཔ་ཨིན༎

 

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༦ པ།

སྲོལ་འཛིན་ལས་ཁུངས་འདི་ ལྷན་ཚོགས་ལུ་ཡར་སེང་གཏང་ནི་ཨིནམ།

སྲོལ་འཛིན་ལས་ཁུངས་འདི་ ལྷན་ཚོགས་ལུ་ཡར་དྲག་བཏང་ནི་གི་གྲོས་འཆར་འདི་ཡང་ རྒྱས་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༨༧ པའི་ནང་ལུ་སྤྱི་མི་ཚུ་གིས་ཕུལ་ཡི། ཁོང་ཚུ་གིས་འབྲུག་རྒྱལ་ཁབ་འདི་དཔལ་འབྱོར་གོང་འཕེལ་དང་ སྲིད་དོན་གྱི་འགྱུར་བ་ཚུ་མགྱོགས་དྲགས་འབད་ འགྱོ་བའི་ནམ་དུས་ལུ་ ད་ལྟོ་ང་བཅས་རའི་རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་ཚུ་མི་ཉམས་གོང་འཕེལ་དང་ ཉམས་པ་གསོར་ཆུད་མཛད་ནི་འདི་གལ་གནད་ཅན་གཅིག་འབད་ རྩིས་དོ་མཟུམ་སྦེ་ ཤུལ་ལས་མ་འོངས་པ་ལུ་ཡང་དེ་མཟུམ་སྦེ་རང་ བརྩིས་མཐོང་ མི་བསྐྱེད་པའི་ཐུགས་ཀྱི་ཚ་འགྱང་ཡོད་ལུགས་དང་ གལ་སྲིད་ ལྷན་ཚོགས་ལུ་ཡར་དྲག་གཏང་པ་ཅིན་ ལྷན་ཚོགས་དེ་ནང་ལུ་ ལྷན་ཁག་དང་ལས་སྡེ་ཁག་ལས་འོང་མི་ ཆེ་མཐོའི་གོ་གནས་འཆང་མི་ཚུ་གིས་ ང་བཅས་རའི་སྲོལ་ཁྱུན་འདི་ཚུ་ ཉེན་སྲུང་དང་མི་ཉམས་རྒྱུན་སྐྱོང་འཐབ་པའི་ བསམ་འཆར་ཚུ་བཀོད་ནུག།

 

ཨིན་རུང་ཁོང་སྤྱི་མི་ཚུ་གིས་ཕུལ་ཡོད་པའི་གྲོས་འཆར་འདི་ལུ་ དབྱིན་ཟླ་ ༦ པའི་ཚེས་ ༡༣ ལུ་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ལས་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ ལས་ཁུངས་དེ་ལྷན་ཚོགས་ལུ་ཡར་དྲག་གཏང་རུང་ ཡང་ན་དེ་རང་འཇག་བཞག་རུང་ དེ་གི་དམིགས་དོན་འདི་ རྒྱལ་ཁབ་ཀྱི་སྲོལ་ཁྱུན་བཟང་པོ་ཚུ་ མི་ཉམས་གོང་འཕེལ་དང་ཉམས་པ་གསོར་ཆུད་འབད་ནི་འདི་རང་ཨིན་ཟེར་གསུངས་གནང་ཡི། དེ་གིས་མ་ཚད་ བློན་པོ་མཆོག་གིས་ གཞུང་དང་མི་སེར་གཉིས་ཆ་ར་གིས་ ལམ་ལུགས་སྲོལ་ཚུ་མི་ཉམས་གོང་འཕེལ་གཏང་ནི་འདི་ གལ་ཆེ་ཤོས་དང་ གོང་འཕེལ་གི་འཆར་གཞི་ནང་ལུ་ཡང་ གལ་གནད་ཅན་གཅིག་འབད་བཞག་སྟེ་ཡོད་ཟེར་ གསུངས་མི་དང་འཁྲིལ་ཏེ་གྲོས་ཆོད་བཏོན་གནང་ཡོདཔ་ཨིན༎
 

 

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༥ པ།

རྒྱལ་ཡོངས་གསུང་རྟེན་བརྟག་ཞིབ།

ཤིན་ཏུ་དཀོན་པའི་ གསུང་རྟེན་བརྟག་ཞིབ་ ཀྱི་ལཱ་འདི་འཕྲོ་མཐུད་དེ་རང་ འབད་བའི་བསྒང་རང་ཡོདཔ་ལས་ དེ་གིས་དཔེ་མཛོད་ནང་གསུང་རྟེན་ལེ་ཤ་འབད་མཁོ་བསྒྲུབས་འབད་ཡོདཔ་ཨིན། ད་ལྟོ་ཚུན་ཚོད་ གསུང་རྟེན་བརྟག་ཞིབ་སྡེ་ཚན་གིས་ ཐིམ་ཕུག སྤ་རོ། ཧཱ། ཆུ་ཁ། བསམ་རྩེ། དབང་འདུས། མགར་ས། བུམ་ཐང་། བཀྲིས་སྒང་། དར་དཀར་ན་རྩིས་ཏེ་རྫོང་ཁག་བཅུ་ཐམ་ནང་སོང་ཡོདཔ་ལས་ དཀོན་དྲགས་གི་གསུང་རབ་མང་ཤོས་ཅིག་ ཨང་གནས་ཅན་འབད་བཟོ་སྟེ་ CD-ROMS ནང་གསོག་འཇོག་འབད་ཡོདཔ་མ་ཚད་ སྟོང་ཕྲག་ལས་ལྷག་པའི་གསུང་རབ་ཚུ་ ཐོ་བཀོད་འབད་བའི་ ཡིག་ཐོ་ པོ་ཏི་ ༢༡ བཟོ་ཡོདཔ་ཨིན༎

གསུང་རྟེན་བརྟག་ཞིབ་ཀྱི་ལཱ་འདི་ འཕྲོ་མཐུད་དེ་རང་འབད་ནིའི་དོན་ལུ་ སྡེ་ཚན་ཚུ་གིས་རྫོང་ཁག་ལྷག་ལུས་ཚུ་ནང་ལུ་ འགྱོ་ནི་ཨིན།

 

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༣ པ།

Aleph གི་སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ཚུ།

ALEPH གི་སྦྱོང་བརྡར།

ཌན་མརྐ་རྒྱལ་གཞུང་དཔེ་མཛོད་ཀྱིས་ ALEPH འབྲེལ་མཐུན་བཟོ་ནི་གི་དཔེ་མཛོད་ལམ་ལུགས་ཀྱི་མཉེན་ཆས་ (Software) འདི་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ བདུན་ཕྲག་གཉིས་ཀྱི་རིང་ལུ་ སྦྱོང་བརྡར་གྱི་ཞལ་འཛོམས་ཅིག་ ཇོར་ཇེན་མཌ་སེན་ (Jørgen Madsen) འདི་གིས་འགོ་འདྲེན་འཐབ་ཡོདཔ་ཨིན། སྦྱོང་བརྡར་གྱི་ཞལ་འཛོམས་ནང་ལུ་ རྒྱལ་ཡོངས་དཔེ་མཛོད་ལས་ ཚེ་དབང་ཆོས་འཛོམས་དང་ཨོ་རྒྱན་ཆོས་སྒྲོན། ད་ཟ་དང་བུམ་པ་རྡོ་རྗེ། དེ་གིས་མ་ཚད་པར་ འབྲུག་རྒྱལ་གཞུང་གཙུག་ལག་སློབ་སྡེ་ སྐད་ཡིག་དང་ལམ་སྲོལ་སླབ་སྦྱོང་ཁང་ལས་ རྡོ་རྗེ་དབྱངས་འཛོམས་ཚུ་གིས་བཅའ་མར་གཏོགས་ཏེ་ཡོདཔ་ཨིན༎

དེ་དང་དུས་མཉམ་དུ་ ཌན་མཀ་རྒྱལ་གཞུང་དཔེ་མཛོད་ཀྱི་བརྡ་དོན་འཕྲུལ་རིག་ལས་ཁུངས་ལས་ཨིན་མི་ སོ་རེན་པི་ཊར་ཨེན་ཌར་སན་ (Søren Peter Skytte Andersen) གིས་ རྒྱལ་ཡོངས་དཔེ་མཛོད་ཀྱི་ བརྡ་དོན་འཕྲུལ་རིག་གི་ལས་གཡོགཔ་ཚུ་ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ དྲྭ་འབྲེལ་ཡར་དྲག་གཏང་ནི་ལུ་གྲོགས་རམ་འབད་ཡོདཔ་ཨིན། དེ་གིས་མ་ཚད་དཔར་ ཐག་མེད་ཉེ་གནས་ཡོངས་འབྲེལ་ (wireless LAN) ཡང་ གཞི་བཙུགས་འབད་དེ་ཡོདཔ་ཨིན༎