English

གནས་ཚུལ་དང་དུས་སྟོན།

རྒྱལ་ཡོངས་དཔེ་མཛོད་ཀྱི་གནས་ཚུལ། ༢༠༠༨

༢༠༠༨ དབྱིན་ཟླ་ ༡༢ པ།

མདང་བཞག་སྤྱི་ ཟླ་ ༡༢ དབྱིན་ཚེས་ ༢༥ ལུ་ འབྲུག་རྒྱལ་ཡོང་དཔེ་མཛོད་དང་རིགས་གཏན་འཇོག་ཁང་ནང་ལུ་འབད་ ཧ་ཡའེ་ (Hawai) ལུ་ཡོད་པའི་ཧོ་ནོ་ལུ་ལུ་ (Honolulu) སྒྱུ་རྩལ་རིག་པའི་སློབ་སྦྱོང་ ཁང་གི་ཁ་ཐུག་ ལས་འབྲུག་རྒྱལ་གཞུང་ལུ་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་དག་པ་ཅིག་གི་ གར་འཆམ་སྣ་ཚོགས་ཀྱི་པར་དང་ དེའི་ཁུངས་དང་དགོས་པའི་སྐོར་ལས་ཚང་སྒྲིག་འབད་ ཧ་ལམ་དུས་ཡུན་ཆུ་ཚོད་ ༣༠༠ ཙམ་འགོར་བའི་ གློག་བརྙན་བཟོ་སྐྲུན་འབད་ཡོད་པའི་གནས་བསྡུས་གཞི་མཛོད་ཆ་གཅིག་ལས་རིམ་ འདིའི་བརྡ་འཕྲུལ་མདོ་ཆེན་ ཇིརཌ་ཧའུཆ་ཀྲོན། (Mr. Gerard Houghton) གིས་ཕུལ་ཏེ་ཡོདཔ་ཨིན།།

འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ཚེས་བཅུ་ཁག་ ༢༠ ཙམ་ཅིག་ པར་བཏབ་ཡོད་པའི་གཏན་འཇོག་གི་གློག་བརྙན་དེ་ སྤྱི་ལོ་ ༢༠༠༤ ལས་ ༢༠༠༧ ལུ་ ཧོ་ནོ་ལུ་ལུ་ (Honolulu) སྒྱུ་རྩལ་རིག་པའི་སློབ་སྦྱོང་ཁང་གི་ སྲོལ་འཛིན་སྡེ་ཚན་གྱིས་ “The Dragon’s Gift Exhibition Project.” ཟེར་བའི་ བརྗོད་དོན་གྱི་ཐོག་ལུ་བཟོ་སྐྲུན་འབད་འབདཝ་ཨིནམ་མ་ཚད་ ལས་འགུལ་འདི་ US གྱི་ཁེ་སང་མེད་པའི་ལས་ཚོགས་གཅིག་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་མས། གློ་བརྙན་བཟོ་སྐྲུན་གྱི་ལས་འགུལ་ནང་ལུ་ འབྲུག་རྒྱལ་ཁབ་ཀྱི་མིང་གཏམ་ཅན་གྱི་ གློ་བརྙན་བཟོ་བསྐྲུན་པ་ཀརྨ་ཚེ་རིང་གིས་ སྲོལ་འཛིན་སྡེ་ཚན་དེ་ལུ་ འབྲེལ་འཛིན་སྤྲོད་ནི་དང་བློ་བོ་སྐད་སྒྱུར་འབད་ནི། དེ་ལས་པར་བཏབ་ནི་ལ་སོགས་པའི་ནང་ གྲོགས་རམ་གང་དྲག་འབད་ཡོདཔ་ཨིན་མས། ལས་རིམ་འདིའི་བརྡ་འཕྲུལ་མདོ་ཆེན་གྱིས་ འབྲུག་རྒྱལ་ཁབ་ནང་ལུ་ལོ་ངོ་གསུམ་གྱི་ནང་ལུ་ བཟོ་སྐྲུན་འབད་ཡོད་པའི་གློ་བརྙན་འདི་ནང་ལུ་ གལ་གནད་ཅན་གྱི ཚེས་བཅུ་ཁག་གི་གར་འཆམ་དང་གྱོན་ཆས། དེ་ལས་དེའི་ ལེའུ་ཚུ་ཡང་ མ་ཚང་ཚངམ་འབད་པར་བཏབ་ཡོད་པའི་ གནས་བསྡུས་གཞི་མཛོད་གཅིག་བཏོན་ཡོདཔ་ཨིན་མས།།

གར་འཆམ་སྣ་ཚོགས་ཀྱི་པར་དང་ དེའི་ཁུངས་དང་དགོས་པའི་སྐོར་ལས་ཚང་སྒྲིག་ཐོག་ གློག་བརྙན་བཟོ་སྐྲུན་འབད་བའི་གནས་བསྡུས་གཞི་མཛོད་དེ་ ས་གནས་གཅིག་ནང་སྡོད་དེ་དེ་ཚུ་ག་ར་ལྟ་ཚུགས་ནི་ཨིནམ་མ་ཚད་ གནསབསྡུས་གཞི་མཛོད་འདི་འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ནང་ལུ་ གར་འཆམ་སྣ་ཚོགས་ཀྱི་སྐོར་ལས་ཞིབ་འཚོལ་པ་དང་ དེ་ལུ་སྤྲོ་བ་དང་འདོད་ཡོད་མི་མི་དམངས་ལུ་དཀའ་ངལ་མེད་པར་ མཐུན་རྐྱེན་མཁོ་སྤྲོད་འབད་ནིའི་དོན་ལུ་བཞག་ཡོདཔ་ཨིན། དེ་མ་ཚད་ མ་འོངས་ཞིབ་འཚོལ་པ་ཚུ་གིས་ གནས་བསྡུས་གཞི་མཛོད་དེ་ནང་ལུ་མ་ཚུད་པའི་ ཚེས་བཅུའི་གར་འཆམ་ཚུ་པར་བཏབ་སྟེ་ཁ་སྐོང་བཀལ་ནིའི་དོན་ལུ་ པར་ཆས་ཆ་ཚང་གཉིས་ཡང་ཞལ་འདེབས་སྦེ་གནང་ཡོདཔ་ཨིན།། རྩིས་སྤྲོད་ལེན་འདི་ཡང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་དྲུང་ཆེན་ དྲགོས་པདྨ་དབང་ཕྱུག་དང་ སྲོལ་འཛིན་ལས་ཁུངས་ཀྱི་འགོ་དཔོན་ཚུ་གི་སྤྱན་མངར་ལུ་འབད་ ཇིརཌ་ཧའུཆ་ཀྲོན། (Mr. Gerard Houghton) གིས་ སྲོལ་འཛིན་ལས་ཁུངས་ཀྱི་མདོ་ཆེན་ རྡོ་རྗེ་ཚེ་རིང་ལུ་རྩིས་ཕུལ་ཡོདཔ་ཨིན།།

     

༢༠༠༨ དབྱིན་ཟླ་ ༩ པ།

ལུམ་བྷི་ནི་ རྒྱལ་སྤྱི་ཞིབ་འཚོལ་གཙུག་སྡེའི་ མདོ་ཆེན་གཟིགས་སྐོར་ལུ་བྱོན་ཡོདཔ།

ད་རེས་ དབྱིན་ལོ་ ༢༠༠༨ ཟླ་ ༩ པའི་ཚེས་ ༢༠ ལུ་ ནེ་པཱལ་རྒྱལ་ཁབ་ཀྱི་མངའ་སྡེ་ ལུམ་བྷི་ནི་ལུ་གཞི་བཙུགས་འབད་དེ་ཡོད་པའི་ རྒྱལ་སྤྱི་ཞིབ་འཚོལ་གཙུག་སྡེ་ (LIRI) གི་མདོ་ཆེན་ ཌག་ཀྲར་ Christoph Cuppers མཆོག་ ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ ལུམ་བྷི་ནི་ རྒྱལ་སྤྱི་ཞིབ་འཚོལ་གཙུག་སྡེ་གཉིས་ཀྱི་བར་ན་ མཉམ་འབྲེལ་ཞིབ་འཚོལ་དང་ དཔེ་གཉེར་པ། དེ་ལས་ དེའི་གནས་སྡུད་ཚུ་བརྗེ་སོར་གྱི་གོ་སྐབས་ གཟིགས་པར་བྱོན་ཡོདཔ་ཨིན།

ཌག་ཀྲར་ Cuppers མཆོག་ Nepal-German Manuscript Preservation project (NGMPP) གི་འགོ་འཛིན་པ་གཅིག་ཨིནམ་ད་ ནེ་པཱལ་ཞིབ་འཚོལ་ལྟེ་བ་ (NRC) གི་མདོ་ཆེན་ཡང་ཨིན་མས། དེ་གིས་མ་ཚད་ མདོ་ཆེན་མཆོག་ བོད་ཀྱི་རིག་གཞུང་དང་ནང་པའི་ཆོས་ལུ་མཁས་མཆོག་ཨིནམ་ཚད་ རྒྱལ་དབང་རིན་པོ་ཆེ་ སྐུ་ཕྲེང་ ༥ པ་དང་ དགའ་ལྡན་ཕོ་བྲང་གི་བདག་སྐྱོང་ལུ་ སྤྲོ་བ་དང་དང་འདོད་ཡོད་མི་ཨིན་མས།།

 

༢༠༠༨ དབྱིན་ཟླ་ ༧ པ།

རྩིས་སྤྲོད་ལེན་གྱི་རྟེན་འབྲེལ།

རང་ལུགས་གནམ་ལོ་ ས་ཕོ་བྱི་ལོ་ རང་ཟླ་ ༦ པའི་ཚེས་ ༡༠ དབྱིན་ཟླ་ ༨ པའི་ཚེས་ ༡༡ ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་འབད་ ཕྱག་འགན་རྩིས་སྤྲོད་ལེན་གྱི་རྟེན་འབྲེལ་མདོར་བསྡུས་ཅིག་རྩིས་ཡོདཔ་ཨིན།

དཔེ་མཛོད་ཀྱི་མདོ་ཆེན་བགྲེསཔ་ རྡོ་རྗེ་ཚེ་རིང་དང་མདོ་ཆེན་གསརཔ་མགོན་པོ་ཚེ་རིང་རྣམ་གཉིས་ཀྱི་བར་ན་ ཕྱག་འགན་རྩིས་སྤྲོད་ལེན་གྱི་རྟེན་འབྲེལ་འདི་ནང་ལུ་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་མཆོག་དང་མི་སྟོབས་ལྷན་ཁག་གི་དྲུང་ཆེན། དཔལ་འབྲུག་ཞིབ་འཇུག་ལྟེ་བའི་མདོ་ཆེན་ཚུ་དང་ གཞན་ཡང་ལྷན་ཁག་དང་ལས་སྡེ་ཚུ་ལས་ འགོ་དཔོན་ཚུ་གི་སྤྱན་མངར་ལུ་འབད་མཛད་ཡོདཔ་ཨིན།།

 

༢༠༠༨ དབྱིན་ཟླ་ ༧ པ།

ཌི་ཇི་ཊལ་དཔེ་མཛོད་དང་ ནང་བསྟན་དཔེ་ཚོགས་ལྟེ་གནས་ ལག་ལེན་འཐབ་ཐངས་ཀྱི་ གོ་བ་བརྡ་སྤྲོད་ཀྱི་ཞལ་འཛོམས་ཚོགས་ཡོདཔ།

 

མདང་ཞག་དབྱིན་ཟླ་ ༧ པའི་ཚེས་ ༡༦-༡༧ ཚུན་ལུ་ ཡུ་ཨེས་ཨེ་ (USA) ནིཝ་ཡོརྐ་ (New York) ལུ་གཞི་བཙུགས་འབད་དེ་ཡོད་པའི་ ནང་བསྟན་དཔེ་ཚོགས་ལྟེ་གནས་ (Tibetan Buddhist Resource Center) ཟེར་མིའི་ བརྡ་དོན་དང་འཕྲུལ་རིག་མདོ་ཆེན་ ཇེཕ་ཝལ་མེན་ (Mr. Jeff Wallman) གདན་འདྲེན་ཞུས་ཐོག་ལས་ དཔེ་མཛོད་ཀྱི་ཞལ་འཛོམས་ཁང་ནང་ལུ་སྦེ་ ཌི་ཇི་ཊལ་དཔེ་མཛོད་དང་ ཁོང་གི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ ཡོངས་འབྲེལ་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ཞལ་འཛོམས་གཅིག་ཚོགས་ཡོདཔ་ཨིན།།

ཉིན་གྲངས་གཉིས་ཀྱི་ཞལ་འཛོམས་འདི་ནང་ལུ་ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་དང་རྫོང་ཁ་གོང་འཕེལ་ལྷན་ཚོགས། མི་དམངས་དཔེ་མཛོད་དང་རྒྱལ་ཡོངས་ཚོགས་ཁང་། དེ་ལས་ གྲྭ་ཚང་ལྷན་ཚོགས་དང་རྒྱལ་ཡོངས་དཔེ་མཛོད་ཚུ་ལས་ འཐུས་མི་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན།།

ཇེཕ་ཝལ་མེན་ (Mr. Jeff Wallman) ལུ་ ནང་བསྟན་དཔེ་ཚོགས་ལྟེ་གནས་ནང་ལུ་ ལོ་ངོ་བརྒྱད་ལཱ་འབད་བའི་ཉམས་མྱོང་ཅན་གཅིག་ཨིནམ་མ་ཚད་ དེ་ནང་གི་བརྡ་འཕྲུལ་སྡེ་ཚན་དང་གནས་སྡུད་གཞི་མཛོད། དེ་ལས་ ཝེབ་ས་ཁོངས་ཚུ་ལྟ་རྟོག་འབད་ནི་དང་རྒྱུན་སྐྱོང་འབདཝ་ཨིནམ་མས། ཁོང་གི་ ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ ཝེབ་ས་ཁོང་དེ་ནང་ལུ་ ནང་པའི་ཆོས་དང་འབྲེལ་བའི་དཔེ་ཆ་མང་ཤོས་ཅིག་པར་བཏབ་སྟེ་ཡོདཔ་ལས་ དེ་ཚུ་མི་དམངས་ཀྱིས་གཟིགས་ཚུགསཔ་ཨིན་རུང་ ཕྱག་དཔེ་ཧྲིལ་བུ་དཔེ་བཤུས་བརྐྱབ་ནི་དང་ གནས་སྡུས་སྤོ་ནི་ཚུ་འབད་མི་ཚུགས། དེ་འབདཝ་ལས་བརྟེན་ཏེ་ གལ་སྲིད་ཕྱག་དཔེ་ཚུ་ གནས་སྡུད་སྤོ་ནིའི་རེ་འདོད་ཡོད་པ་ཅིན་ དཔེ་ཆ་ཚུ་ཡོད་པའི་ གནས་མཛོད་ (Hard Drive) གཅིག་ང་བཅས་དཔེ་མཛོད་ལུ་གནང་ཡོདཔ་ལས་ འདི་ནང་འབྱོན་ཏེ་གློ་རིག་ལས་ གནས་སྡུད་ཚུ་ཕབ་ཚུགསཔ་ཨིན།།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་སྐོར་ལས་ མཁྱེན་འདོད་ཡོད་པ་ཅིན་ www.tbrc.org. འབྲེལ་མཐུད་དེ་ནང་ལས་གཟིགས་གནང་།།

 

༢༠༠༨ དབྱིན་ཟླ་ ༧ པ།

དྲགོས་མགོན་པོ་ཚེ་རིང་མཆོག་ དཔེ་མཛོད་ཀྱི་མདོ་ཆེན་ནམ་གཙོ་འཛིན་འབད་ བསྐོ་བཞག་གནང་ཡོདཔ།

སྤྱི་ལོ་ ༢༠༠༨ དབྱིད་ཟླ་ ༧ པའི་ཚེས་ ༡ ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱི་ ཞིབ་འཚོལ་དང་བརྡ་བརྒྱུད་སྡེ་ཚན་གྱི་ ཞིབ་འཚོལ་གཙོ་འཛིན་ དྲགོས་མགོན་པོ་ཚེ་རིང་མཆོག་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཡིག་ཚང་བཀའ་རྒྱ་ལྟར་དུ་ ང་བཅས་དཔེ་མཛོད་ཀྱི་མདོ་ཆེན་ནམ་ དཔེ་མཛོད་གཙོ་འཛིན་གྱི་གོ་གནས་ལུ་ གསར་བསྐོས་གྲུབ་སྟེ་ཡོདཔ་ཨིན༎

སྤྱི་ལོ་ ༢༠༠༧ དབྱིན་ཟླ་ ༩ པའི་ནང་ལུ་ དཔེ་མཛོད་ཀྱི་མདོ་ཆེན་བགྲེསཔ་ རྡོ་རྗེ་ཚེ་རིང་མཆོག་ སྲོལ་འཛིན་ལས་ཁུངས་ཀྱི་མདོ་ཆེན་འབད་ གནས་སོར་བཏང་ཞིནམ་ལས་ཚུར་ མགོན་པོ་ཚེ་རིང་མཆོག་གིས་ དཔེ་མཛོད་ཀྱི་མདོ་ཆེན་ནམ་དཔེ་མཛོད་གཙོ་འཛིན་ གསར་བསྐོས་མ་གནངམ་ཚུན་ མདོ་ཆེན་ལས་ཚབ་ཀྱི་ཕྱག་འགན་བཞེས་ཏེ་བཞུགས་ཡོདཔ་ཨིན༎

 

༢༠༠༩ དབྱིན་ཟླ་ ༢ པ།

 

རྒྱལ་ཡོངས་དཔེ་མཛོད་ཀྱི་ཡོངས་འབྲེལ་ སྒོ་འབྱེད་འབད་ཡོདཔ།

སྤྱི་ལོ་ ༢༠༠༨ ཟླཝ་༢ པའི་ཚེས་ ༢༡ ལུ་ དཔལ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ཏེ་ ང་བཅས་འབྲ྄ག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ བསྐྱར་ལོག་གི་བཟོ་བཀོད་དང་ལྡན་པའི་ཡོངས་འབྲེལ་གཅིག་ སྒོ་འབྱེད་འབད་དེ་ཡོདཔ་ཨིན། སྒོ་འབྱེད་ཀྱི་རྟེན་འབྲེལ་འདི་ཡང་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་བགྲེསཔ་ མི་ཉགས་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་མཛད་ཡོདཔ་མ་ཚད་ རྟེན་འབྲེལ་འདི་ནང་ལུ་ནང་སྲིད་དང་སྲོལ་འཛིནལྷན་ཁག་དང་ དེ་ལས་སྲོལ་འཛིན་ལས་ཁུངས་ལས་ ཆེ་མཐོའི་དཔོན་ཁག་ཚུ་དང་འགོ་དཔོན་ཚུ་ བྱོན་ཡོདཔ་ཨིན༎

ཡོངས་འབྲེལ་འདི་ཡང་རྒྱལ་ཡོངས་དཔེ་མཛོད་ཀྱི་ ཌེ་ནི་ཌའི་མཉམ་འབྲེལ་ལས་འགུལ་ཡན་ལག་གི་མ་དངུལ་ཐོག་ལས་ བརྡ་དོན་འཕྲུལ་རིག་གོང་འཕེལ་གཏང་སྟེ་ རྒྱལ་སྤྱི་དང་འབྲུག་རྒྱལ་ཁབ་ནང་གི་མི་སེར་ཚུ་ལུ་ ཕན་པའི་ཐབས་ཤེས་ལུ་དམིགས་ཏེ་ དཔེ་མཛོད་ཀྱི་ ཐོ་གཞུང་ བརྩིས་ཏེ་གཞན་ཡང་ མཐུན་རྐྱེན་གྱི་རིགས་ཆ་མཉམ་དང་ དེ་གིས་མ་ཚད་པར་ ལྷན་ཐབས་ཀྱི་ འཛམ་གླིང་ནང་གི་རྒྱལ་ཁབ་སོ་སོའི་དཔེ་མཛོད་ ཚུ་ནང་ལུ་ལྷོད་ནི་དང་དེ་ཚུའི་ནང་ལས་ རྒྱབ་ཁུངས་ཀྱི་དཔེ་དེབ་ཚུ་འཚོལ་འཐོབ་ནིའི་ འཛུལ་སྒོ་བཟུམ་ཅིག་གི་འབྲེལ་མཐུད་ཚུ་ཡང་ དབྱིན་སྐད་དང་ རྫོང་ཁ་ ཤན་སྦྱར་འབད་ཡོདཔ་ཨིན༎

དེ་གིས་མ་ཚད་པར་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་ནང་དང་འབྲུག་རྒྱལ་ཁབ་ནང་འཁོད་ལུ་ ཡོངས་འབྲེལ་འདི་འཐོབ་ཚུགསཔ་བཟོ་སྟེ་ འབྲུག་རྒྱལ་ཁབ་ཀྱི་རིག་གཞུང་ཚུ་དང་རྒྱལ་རབས་ཅན་གྱི་ གསུང་རྟེན་གྱི་རིགས་མི་ཉམས་གོང་འཕེལ་དང་ཉམས་པ་གསོར་ཆུད་འབད་དེ་ བདག་འཛིན་འཐབ་ནིའི་དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན༎

 

༢༠༠༨ དབྱིན་ཟླ་ ༡ པ།

 

ཐང་ཀ་ཉམས་སྲུང་གི་སྦྱོང་བརྡར།

དེ་ཡང་ སྲོལ་འཛིན་ལས་ཁུངས་ཀྱིས་འགོ་འདྲེན་ཐོག་ལས་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་སྒྲིང་ཁྱིམ་གསརཔ་གི་ནང་ལུ་ འབྲུག་ནང་འཁོད་ཀྱི་ཨ་ནིམོའི་དགོན་ཚུ་ལས་ ཁོང་ཨ་ནིམོ་ཞལ་གྲངས་བདུན་ཙམ་ལུ་ སྐུ་ཐང་ཉམས་སྲུང་གི་ལུས་སྦྱོང་གི་སྤྱོང་བརྡར་གཅིག་ ཨམ་ ཨཱན་ ཤཱཕ་ཊེལ་ (Ann Shaftel) གིས་སྦྱིན་ཡོདཔ་ཨིན༎

ཨམ་ ཨཱན་ཤཱཕ་ཊེལ་ (Ann Shaftel) འདི་ ཀེ་ན་ཌ་ལུ་ཡོད་པའི་ ཧེ་ལི་ཕེས་ (Halifax) ལས་ཨིནམ་མ་ཚད་ མོ་ལུ་ལོ་ངོ་གསུམ་གྱི་གྲོས་སྟོན་པ་དང་ ལྷ་ཁང་དགོན་སྡེ། དེ་ལས་ འགྲེམས་སྟོན་ཁང་གི་ཅ་ཆས་ཚུ་ཉམས་སྲུང་པ་འབད་སྡོད་པའི་ ཉམས་མྱོང་ཡོདཔ་ཨིན་མས། མོ་གིས་ དེ་བཟུམ་མའི་སྦྱོང་བརྡར་གྱི་ལས་འགུལ་བརྩམས་མི་དེ་ཡང་ ནང་སྲིད་བློན་པོ་བགྲེསཔ་ བློན་པོ་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ སྤྱི་ལོ་ ༢༠༠༦ ལོ་ལུ་ ཀེ་ན་ཌ་ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གྲོས་ཚོགས་ནང་ལུ་ བྱོནམ་ད་གྲོས་བསྟུན་བྱུང་ཡོདཔ་ཨིན་མས༎

ང་བཅས་ག་རང་འབད་རུང་ སྐུ་ཐང་ཉམས་སྲུང་འབད་ནི་དང་བདག་འཛིན་འཐབ་ནིའི་ཐད་ཁར་ལྷོདཔ་ད་ ལཱ་འདི་ལུ་བརྩུན་འགྲུསདང་ དང་འདོད་ཅན་དགོཔ་མ་ཚད་ དབུགས་ཐག་ཡང་རིངམོ་དགོཔ་ཨིན་ དེ་འབདཝ་ལས་ འབྲུག་ནང་འཁོད་ཀྱི་དགོན་སྡེ་ཁག་སོ་སོ་ལས་འོང་མི་ ཁོང་ཨ་ནིམོ་ཚུ་ལུ་དེ་བཟུམ་མའི་ཐང་ཀ་ཉམས་སྲུང་གི་སྦྱོང་བརྡར་བྱིན་ནི་འདི་ འོད་དང་ལྡན་ཏོ་ཏོ་ཨིན་མས། མཇུག་བསྡུའི་རྟེན་འབྲེལ་འདི་ཡང་ དབྱིན་ཚེས་ ༡༤ ལུ་ ཉམས་སྲུང་གི་འགྲེམས་སྟེན་མདོར་བསྡུས་གཅིག་འབད་དེ་ མི་ཉགས་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ ཁོང་སྦྱོང་བརྡར་པ་ཚུ་ལུ་ལག་ཁྱེར་གནང་སྟེ་ མཇུག་བསྡུ་གནང་ཡོདཔ་ཨིན༎

ཐང་ཀ་ཉམས་སྲུང་གི་སྦྱོང་བརྡར་འདི་ ལེགས་ཤོམ་འབད་མཐར་འཁྱོལ་བྱུང་མི་འདི་ (Getty Foundation) གིས་མ་དངུལ་གནང་ཐོག་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ Washington. Bellevue ལུ་ཡོད་པའི་ Friends of Bhutan’s Culture གཉིས་མཉམ་རུབ་ཀྱི་ཐོག་ལས་འབད་ ཨིན་མས༎