English

གནས་ཚུལ་དང་དུས་སྟོན།

རྒྱལ་ཡོངས་དཔེ་མཛོད་ཀྱི་གནས་ཚུལ། ༢༠༡༠

 

དབྱིན་ལོ་ ༢༠༡༠ དབྱིན ་ ཟླ་ ༡༢ པ༏

འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ནང་མདོ་ཆེན་གསརཔ་བསྐོ་བཞག་འབད་ཡོདཔ༏

མཁས་དབང་ ཨི་ཇིན་སིམིཏ་ མཆོག་ཞིང་ལུ་གཤེགས་པའི་གནས་ཚུལ་གོཝ་ཙམ་གིས་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་གི་བཟའ་ཚང་འཐུས་མི་ཆ་མཉམ་སེམས་ཕམས་པའི་གཞི་ལུ་གྱུར་ཡོདཔ་ཨིན། མཁས་དབང་ ཨི་ཇིན་སིམིཏ་ གིས་ནང་པའི་ཆོས་དང་འབྲེལ་བའི་ བོད་གངས་ལྗོངས་ཀྱི་ནང་པའི་ཕྱག་དཔེ་མང་རབས་ཅིག་དང་ ཉམས་རྐྱེན་ཤོར་མི་ལས་བདག་འཛིན་འཐབ་མི་ངོ་མ་ཅིག་ཨིནམ་མ་ཚད་ དབྱིན་ལོ་ ༡༩༧༥ ལས་ ༡༩༨༥ ཚུན་ རྒྱལ་ཡོངས་དཔེ་མཛོད་ཀྱི་ཕྱག་དཔེ་མཁོ་བསྒྲུབས་འབད་ནི་ལུ་ གྲོགས་རམ་གང་དྲག་མཛད་དེ་ འབྲུག་མི་ག་ར་ལུ་ཕན་ཐོག་སྦོམ་སྦེ་བྱུང་ཡོདཔ་ཨིནམ་ལས་ ང་བཅས་ཀྱི་ཁ་ཐུག་ལས་ མཁས་དབང་གི་བཟའ་ཚང་འཐུས་མི་ཚུ་ལུ་ ཐུགས་གསོ་ཕུལ་ནི་དང་ མཁས་དབང་མཆོག་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ལུ་ཐིམས་པར་ཤོག་ཅིག་ ཟེར་སྨོན་ལམ་བཏབ་ནི་ཨིན།།

མཁས་དབང་མཆོག་ དབྱིན་ལོ་ ༡༩༣༦ ལུ་འཁྲུངས་ཡོདཔ་ད་ སཾསྐྲྀཊ་དང་པཱ་ལི་གི་ཤེས་ཡོན་འདི་ ནའེ་དར་ལེནྜ་རྒྱལ་ཁབ་ཀྱི་ ལིའེཌེན་གཙུག་ལག་སློབ་སྡེ་ལས་སྦྱངས་བརྩོན་མཛད་དེ་ ཤུལ་ལས་ རྒྱ་གར་དིལླི་ལུ་ཡོད་པའི་ ཨེལ་ཨོ་སི་གི་མདོ་ཆེན་སྦེ་བཞུགས་པའི་སྐབས་ལུ་ རྒྱལ་ཡོངས་དཔེ་མཛོད་ནང་ལུ་བྱོན་ཡོདཔ་ཨིན། དབྱིན་ལོ་ ༡༩༩༩ ལོ་ལུ་ ཡུ་ཨེས་ ལུ་གཞུང་མིན་ལས་ཚོགས་ཅིག་ཨིན་མི་ TBRC (Tibetan Buddhist Resource Centre) ཟེར་མི་འདི་གཞི་བཙུགས་འབད་དེ་ ལས་ཚོགས་དེ་ནང་ལུ་ན་ཧིང་ཚུན་ཚོད་ལུ་བཀོད་ཁྱབ་མདོ་ཆེན་གྱི་གོ་གནས་བཞེས་ཏེ་བཞུགས་ནུག ལས་ཚོགས་དེ་ནང་ལུ་ དུས་རབས་ ༡༢ ཀྱི་ཕྱག་དཔེ་ལས་འགོ་བཙུགས་ཏེ་ ཧ་ལམ་ཕྱག་དཔེ་ཉི་ཁྲི་ལྔ་སྟོང་དེ་ཅིག་ བསྡུ་བསྒྲུབས་འབད་དེ་ཡོདཔ་མ་ཚད་ དེ་དང་རིགས་མཚུངས་པའི་ཁྱབ་ཆེ་དྲག་ཡོད་པའི་ཕྱག་དཔེ་ཚུ་ཡང་ཡོདཔ་ཨིན་པས།།

ལས་ཚོགས་དེ་གིས་ཕྱག་དཔེ་ཚུ་ག་ར་ གློག་རྡུལ་འདྲ་དཔར་བཟོ་སྟེ་རྒྱལ་སྤྱིའི་ནང་པའི་ཆོས་སྒོར་ཞུགས་མི་ཚུ་ལུ་ ཕྱག་དཔེའི་མཐུན་རྐྱེན་ཚུ་ཡང་ཡོངས་འབྲེལ་ཐོག་ལས་འཐོབ་ཚུགས་བཟོ་ཡོདཔ་ཨིནམ་ད་ ལས་ཚོགས་དེའི་ཡོངས་འབྲེལ་ཁ་བྱང་ www. Tbrc.org. གི་ནང་ལུ་ ནང་པའི་ཕྱག་དཔེ་པོད་ གཅིག་ཁྲི་བཞི་སྟོང་དེ་ཅིག་ཡོདཔ་ད་ ཤོག་གྲངས་སྦེ་བ་ཅིན་ཧ་ལམ་ ས་ཡ་ལས་བཅད་དེ་ཡོདཔ་ཨིན་པས། TBRC ལས་ཚོགས་དེ་གིས་ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ལུ་ ཕྱག་དཔེ་པོད་གྲངས་ སྟོང་ཕྲག་བཞི་སྦེ་མིའི་གནད་བསྡུད་གཞི་མཛོད་ཅིག་གནང་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ནི་ཨིན།།

 

༢༠༡༠ དབྱིན ་ཟླ་ ༡༠ པ༏

འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་གི་མཉམ་འབྲེལ་ལས་འགུལ་དེ་ རྟེན་འབྲེལ་མདོར་བསྡུས་ཅིག་རྩིས་ཏེ་མཇུག་བསྡུ་ཡོདཔ།

འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་དང་ དྲན་མརྐ་རྒྱལ་གཞུང་དཔེ་མཛོད་གཉིས་ཀྱི་མཉམ་འབྲེལ་ལས་འགུལ་དེ་ དེ་ཚེས་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་རྟེན་འབྲེལ་མདོར་བསྡུས་ཅིག་རྩིས་ཐོག་ལུ་མཇུག་བསྡུ་ཡོདཔ་ཨིན། རྟེན་འབྲེལ་དེ་ན་ལུ་སྐུ་མགྲོན་སྦེ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་དྲགོས་པདྨ་ཕྲིན་ལས་མཆོག་དང་ སྲོལ་འཛིན་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན། ནང་སྲིད་དང་སྲོལ་འཛིན་ལས་ཁུངས་ཀྱི་ལས་ཁུངས་དང་འབྲེལ་ཡོད་ཀྱི་སྡེ་ཚན་ཁག་གི་འགོ་དཔོན་ཚུ་དང་ མཉམ་འབྲེལ་ལས་འགུལ་གྱི་གྲོས་བསྟུན་པ་ པོརོ་ཕེ་སོར་པི་ཀེ་སོ་རེན་སེན་དང་ཨེ་ནི་བུ་ཀར་དྲི་དང་ དེ་ལས་དཔེ་མཛོད་ཀྱི་ལས་བྱེད་པ་ཚུ་བྱོན་ཡོདཔ་ཨིན།

སྲོལ་འཛིན་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་གྱིས་ཚོགས་དམངས་ལུ་གསུངས་བཤད་ནང་ལུ་ (༡༩༩༦-༢༠༡༠) ཚུན་ ལོ་ངོ་ ༡༤ གི་ནང་འཁོད་ལུ་ དྲན་མརྐ་མཉམ་འབྲེལ་ལས་འགུལ་དེ་གིས་ རྒྱལ་ཡོངས་དཔེ་མཛོད་ཀྱི་དམིགས་དོན་མང་ཤོས་ཅིག་གྲུབ་ཡོད་པའི་གྲལ་ལས་ གལ་ཆེ་ཤོས་ར་དཔེ་མཛོད་ནང་ལུ་མཁོ་བསྒྲུབས་འབད་ཡོད་པའི་ ནང་པའི་ཕྱག་དཔེ་དང་རྒྱལ་སྤྱིའི་དཔེ་དེབ་ཚུ་གི་གནས་ཚུལ་ཚུ་ག་ར་ གློག་འབྲེལ་ཐོག་ལུ་བཙུགས་ཏེ་མི་དམངས་ག་ར་གིས་ ཡོངས་འབྲེལ་གྱི་མཐུན་རྐྱེན་ལས་ཐོབ་ཚུགསཔ་བཟོ་གནང་མི་ལུ་བཀྲིན་དགའ་འཚོར་ཞུ་ཡོད་མ་ཚད་ རྒྱལ་ཡོངས་དཔེ་མཛོད་ཀྱིས་མི་དམངས་ལུ་ཤེས་ཡོན་གྱི་མཐུན་རྐྱེན་གོང་འཕེལ་གཏང་ཐབས་དང་ དཔེ་དེབ་ཚུ་བརྙ་ལེན་གྱི་ཞབས་ཏོག་སྤེལ་ཐབས་ལུ་ དོ་རུང་ཕྱའི་རྒྱལ་ཁབ་ཚུ་ལས་རྒྱབ་སྐྱོར་དང་མཉམ་འབྲེལ་འབད་དགོཔ་ཡོད་ཟེར་གསུངས་ཡི། ལས་འགུལ་གྲོས་བསྟུན་པ་ པོརོ་ཕེ་སོར་པི་ཀེ་སོ་རེན་སེན་གྱིས་ཁོ་རའི་ཉམས་མྱོང་བཤད་མི་ནང་ལུ་ མཉམ་འབྲེལ་གྱི་ལས་འགུལ་དེ་འགོ་བཙུགས་ཞིནམ་ལས་ དཔེ་མཛོད་ཀྱི་བསམ་དོན་ལེ་ཤ་གྲུབ་ཡོདཔ་མ་ཚད་ ལས་འགུལ་དེ་འགོ་ཐོག་གཞི་བཙུགས་འབད་བའི་སྐབས་དང་ དཔེ་མཛོད་ལས་བྱེད་པའི་རྒྱུད་ལུ་ཉམས་མྱོང་ཤེས་ཡོན་དང་ གོང་འཕེལ་གྱི་གནས་སྟངས་ག་དེ་སྦེ་ཡར་རྒྱས་འགྱོ་ཡོདཔ་ཨིན་ན་དང་ འདི་ནང་གི་ལས་བྱེད་པ་ཚུ་གིས་མཉམ་རུབ་ཀྱི་རྒྱབ་སྐྱོར་འབད་ཡོད་པའི་སྐོར་ལས་བཤད་ཅི།།

ལས་འགུལ་འཛིན་སྐྱོང་པ་ དྲག་ཀྲར་ཡོན་ཏན་དར་རྒྱས་ཀྱིས་ལས་འགུལ་གྱི་འགོ་རིམ་དང་འཁྲིལ་ཏེ་ གྲུབ་འབྲས་སྙན་ཞུ་ཚུ་ཁ་གསལ་འབད་ཕུལ་ཡོད་པའི་གྲལ་ལས་ མི་སྟོབས་ཀྱི་སྤུས་ཚད་ཡར་རྒྱས་གཏང་ཡོད་པའི་སྐོར་ལས་ཚོགས་དམངས་ལུ་ཞུ་ཡི། དེ་མ་ཚད་ གྲོས་བསྟུན་པ་ ཨེ་ནི་བུ་ཀར་དྲི་གིས་ མ་འོངས་ལོ་ངོ་གཅིག་གི་རྒྱབ་ལས་འབྲུག་རྒྱལ་གཞུང་གཙུག་ལག་སློབ་སྡེ་དང་ རྒྱལ་ཡོངས་དཔེ་མཛོད། དེ་ལས་ དྲན་མརྐ་རྒྱལ་གཞུང་དཔེ་མཛོད་གསུམ་གྱི་བར་ན་ མཉམ་འབྲེལ་གྱི་ལས་འགུལ་གཞི་བཙུག་འབད་ནིའི་སྐོར་ལས་གནས་ཚུལ་ཚུ་ཡང་གསལ་ཞུ་འབད་ཡི། མཇུག་བསྡུའི་རྟེན་འབྲེལ་དེ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གིས་གླུ་གར་གི་ལས་རིམ་དང་བཅསཔ་སྦེ་ ཚོགས་སྟོན་གཅིག་དྲངས་ཐོག་ལུ་མཇུག་བསྡུ་གནང་ཡི།།

 

༢༠༡༠ དབྱིན ་ཟླ་ ༤ པ།

ནེ་པཱལ་རྒྱལ་ཁབ་ཀྱི་སྲིད་བློན་མཱདྷྭ་ཀུམཱར་ནེ་པཱལ་ མཆོག་གིས་གཟིགས་སྐོར་གནང་ཡོདཔ།

གཡོན་ཕྱོགས་ལས་ དཔེ་མཛོད་མདོ་ཆེན། ནེཔཱལ་རྒྱལ་ཁབ་ཀྱི་སྲིད་བློན།
ནང་སྲིད་བློན་པོ།གཏན་འཇོག་གཙོ་འཛིན་འོགམ།

དེ་ཚེས་ དབྱིན་ཟླ་ ༤ པའི་ཚེས་ ༢༩ ལུ་ ནེ་པཱལ་རྒྱལ་ཁབ་ཀྱི་སྲིད་བློན་ མཱདྷྭ་ཀུམཱར་ནེ་པཱལ་ མཆོག་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་སྦེ་ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཞལ་འཛོམས་ཐེངས་ ༡༦ ཚོགས་སར་བྱོན་པའི་ཞོར་ལུ་ འབྲུག་རྒྱལ་ཡོངས་དང་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ནང་ གཟིགས་སྐོར་ལུ་བྱོན་ཡོདཔ་ཨིན།

སྲིད་བློན་མཆོག་འདི་ ནེ་པཱལ་རྒྱལ་ཁབ་གྱི་ལྷོ་མཚམས་ཁ་ཐུག་ལུ་ཡོད་པའི་ རཱའུ་ཏཱ་ཧཱཏ་རྫོང་ཁག་ལས་ཨིནམ་དང་ སྐུ་ཡོན་ཡང་ དབྱིན་ལོ་ ༡༩༧༣ ལོ་ལུ་ རྒྱལ་ས་ཀཱཊ་མཱན་ཌུ་ལུ་ཡོད་པའི་ ཏྲི་བྷུཝཱན་གཙུག་ལག་སློབ་སྡེ་ལས་བཞེས་ཚར་ཡོདཔ་མ་ཚད་ དེ་གིས་ཤུལ་ལས་ སྲིད་དོན་ནང་ལུ་བཅའ་མར་མ་གཏོགས་པའི་ཧེ་མར་ དངུལ་ཁང་ནང་ལུ་དང་ ཞི་གཡོགཔ་སྦེ་ཕྱག་ཕྱིད་ཞུས་ཡོདཔ་ཨིན་པས། མཱདྷྭ་ཀུམཱར་ནེ་པཱལ་དེ་ དབྱིན་ལོ་ ༢༠༠༩ དབྱིན་ཟླ་ ༥ པའི་ཚེས་ ༢༥ ལུ་ ནེ་པཱལ་རྒྱལ་ཁབ་ཀྱི་སྲིད་བློན་སྦེ་བསྐོ་བཞག་གནང་ཡོདཔ་ཨིན་པས༎

 

 

 

 

 

༢༠༡༠ དབྱིན་ཟླ་ ༢ པ།

དཔེ་དེབ་ཞལ་འདེབས་སྦེ་གནང་ཡོདཔ།

དབྱིན་ལོ་ ༢༠༡༠ པའི་སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་དང་ལུ་ རྟེན་འབྲེལ་མདོར་བསྡུས་ཅིག་བརྩིས་ ཐོག་ལུ་ རྒྱ་གར་གཞུང་གི་སྐུ་ཚབ་ པཱཝན་ཀེ་བྷར་མ་ མཆོག་གིས་ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་བློན་པོ་ མི་གྱུར་རྡོ་རྗེ་མཆོག་གི་ཕྱག་བརྒྱུད་འབད་དེ་ རྒྱ་གར་གཞུང་གི་ཁ་ཐུག་ལས་ ཧ་ལམ་དངུལ་ཀྲམ་ ཁྲི་བཞི་དང་སྟོང་ཕྲག་བདུན་གནས་པའི་དཔེ་དེབ་ གྲངས་ ༡༠༠ རྒྱལ་ཡོངས་དཔེ་མཛོད་ལུ་ཞལ་འདེབས་སྦེ་གནང་ཡོདཔ་ཨིན།

དཔེ་དེབ་ཚུ་མང་ཤོས་རང་ ཨིང་སྐད་ནང་ལུ་བྲིས་ཡོད་པའི་ནང་པའི་ཆོས་དང་འབྲེལ་བ་ཡོད་མི་ཨིན་པས། རྟེན་འབྲེལ་གྱི་བརྩིས་སྲུང་ཞུ་ས་ལུ་ རྒྱ་གཞུང་སྐུ་ཚབ་མཆོག་གིས་ རྒྱལ་ཡོངས་དཔེ་མཛོད་འདི་ སྔར་གྱི་ལམ་ལུགས་སྲོལ་མི་ཉམས་རྒྱུན་སྐྱོང་གི་དོན་ལུ་ རྒྱལ་ཡོངས་ཀྱི་སྲོལ་ཁྱུན་ལུ་ཡིད་ཆེས་སྐྱེད་དེ་ བདག་འཛིན་འཐབ་ཡོད་པའི་ས་ཁོངས་ཅིག་ཨིནམ་སྦེ་གསུངས་ཡི།

བཀྲིས་བདེ་ལེགས་ཀྱི་གསུང་བཤད་ནང་ལུ་ ནང་སྲིད་བློན་པོ་མཆོག་གིས་རྒྱ་གཞུང་ལུ་བཀྲིན་དགའ་ཚོར་ཞུཝ་དང་འབྲེལ་ཏེ་ ཞལ་འདེབས་སྦེ་གནང་ཡོད་པའི་དཔེ་དེབ་ཚུ་གིས་ བརྡ་བརྒྱུད་པ་ཚུ་དང་དཔེ་དེབ་རྩོམ་པ་པོ། སླབ་གྲྭའི་སློབ་དཔོན་ཚུ་དང་སློབ་ཕྲུག དེ་ལས་མཁས་མཆོག་ཚུ་ལུ་ཕན་ཐོག་སྦོམ་རང་འབྱུང་ནི་དང་ དཔེ་མཛོད་ཀྱི་དཔེ་དེབ་གྱངས་ཁ་ཡང་ཡར་འཕར་འགྱོ་ནི་དང་ ལྷན་ཁག་གི་དཔེ་དེབ་བསྡུ་གསོག་གི་དམིགས་དོན་ཧ་གོ་ནི་ལུ་ཡང་ཕན་ཐོག་བྱུང་ཡི་ཟེར་གསུངས་ཡི། དེ་མ་ཚད་ རྒྱལ་ཡོངས་དཔེ་མཛོད་ཀྱི་གལ་ཅན་གྱི་དམིགས་དོན་དང་ མ་འོངས་པ་ལུ་རིག་གསར་གྱི་དཔེ་མཛོད་བརྐྱབ་ནིའི་རེ་འདོད་བསྐྱེད་ཡོད་པའི་སྐོར་ལས་ཡང་གསུངས་གནང་ཡོད་ཨིན༎