English
Royal Wedding 2011

གནས་ཚུལ་དང་དུས་སྟོན།

རྒྱལ་ཡོངས་དཔེ་མཛོད་ཀྱི་གནས་ཚུལ། ༢༠༡༢

 

༢༠༡༢ བྱིན་ཟླ་ ༠༥

ཨ་ལག་གཟན་དཀར་རིན་པོ་ཆེ་ གཟིགས་བསྐོར་ལུ་བྱོན་ཡོདཔ།

གཡོན་ཁ་ཐུག་ལས་ མཁས་དབང་ཀརྨ་ཕུན་ཚོགས། ཨ་ལག་གཟན་དཀར་རིན་པོ་ཆེ།
དཔེ་མཛོད་མདོ་ཆེན་ ཧར་ཀ་བྷི་གུ་རུང་།

ཏུ་སྡིངས་ཉི་མ་རིན་པོ་ཆེའམ་ ཨ་ལག་གཟན་དཀར་རིན་པོ་ཆེ་མཆོག་ དབྱིན་ལོ་ ༡༩༤༣ ལུ་ རྒྱ་ནག་གི་རྒྱལ་ཁབ་ སི་ཅུའན་མངའ་སྡེ་ཀྱི་ དཔལ་ལྷ་སྒང་ལུ་སྐུ་འཁྲུངས་ཡོདཔ་ད་ མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྐུ་ཕྲེང་གཉིས་པ་མཆོག་གིས་ གཟན་དཀར་རིན་པོ་གི་སྐུ་སྐྱེ་འཁྲུལ་མེད་ཨིནམ་སྦེ་ངོས་འཛིན་གནང་ནུག། རིན་པོ་ཆེ་མཆོག་གི་སྐུ་ཡོན་ཡང་ རྫོགས་ཆེན་བཤད་གྲྭ་དང་ མདོ་སྒྲུབ་ཆེན་བཤད་གྲྭ་ནི་ལུ་བྱོན་ཏེ་ རྙིང་མའི་ཆོས་སྐོར་ཡོངས་རྫོགས་སྦྱང་བརྩོན་འབད་ཡོདཔ་མ་ཚད་ རྫོང་གསར་བཤད་གྲྭ་ནང་ལུ་བྱོན་ཏེ་ ས་སྐྱའི་ཆོས་ལུགས་ཚུ་གསན་ཏེ་ ད་ལྟོ་ ཆོས་ལུགས་ཁག་གི་བརྒྱུད་པ་འཛིན་མི་ཅིག་ཨིན་པས།།

རིན་པོ་ཆེ་མཆོག་ ད་ལྟོ་འཛམ་གླིང་ནང་ལུ་ བོད་གངས་ཅན་ལྗོངས་ཀྱི་བླ་ཆེན་དང་ མཁས་དབང་ཚུ་གི་གྲལ་ལས་ གཏམ་སྙན་ཆེ་ཤོས་ཅིག་ཨིན་མས། རིན་པོ་ཆེ་མཆོག་གིས་ཕྱག་ལཱ་གཙོ་བོ་ར་ བོད་གྱི་ཕྱག་དཔེ་དང་རིག་གཞུང་གི་གསུང་རབས་ཚུ་ གསོག་འཇོག་དང་བསྡུ་བསྒྲིགས། དཔེ་སྐྲུན་དང་སྐད་སྒྱུར། དེ་ལས་ ལུགས་ཕྱོགས་སོ་སོ་ཚུ་ནང་ལུ་བཀྲམ་སྤེལ་འབད་དེ་ སངས་རྒྱས་ཀྱི་བསྟན་པ་ཉམས་སྲུང་མཛད་དེ་བཞུགས་མི་ཅིག་ཨིནམ་ལས་ དཔལ་བརྩེགས་བོད་ལྗོངས་ཕྱག་དཔེ་འགངས་ཅན་ཞིབ་འཚོལ་ལྟེ་བའི་ མདོ་ཆེན་ཨིནམ་ད་ ཀྲི་བི་ཨར་སི་གི་བཀོད་ཁྱབ་འཐུས་མི་དང་ བར་ཇི་ནི་ཡ་གཙུག་ལག་སློབ་སྡེ་ལུ་འཕྲལ་འཕྲལ་རང་བྱོན་པའི་མཁས་མཆོག དེ་མ་ཚད་ བོད་ལྗོངས་སྲོལ་ཁྱུན་གོང་འཕེལ་དང་ཉམས་སྲུང་གི་དོན་ལུ་ རྒྱ་ནག་གཞི་ཚོགས་ཀྱི་བཀོད་ཁྱབ་འཐུས་མི་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས།།

རིན་པོ་ཆེ་མཆོག་གིས་ ཕྱག་དཔེ་སྣ་ཚོགས་བསྡུ་བསྒྲིགས་པ་དང་དཔེ་མཛོད་མཁས་མཆོག དེ་ལས་ ཞུན་དག་པ་མཁས་མཆོག་ཅིག་ཨིན་ནི་དེ་གིས་ ཆོས་ལུགས་ཁག་གི་བོད་ཀྱི་འགངས་ཅན་གྱི་ཕྱག་དཔེ་ཚུ་ ཉམས་སྲུང་འབད་ནིའི་ཕྱག་ལཱ་རྒྱ་སྦོམ་སྦེ་མཛད་དེ་ ཕྱག་དཔེ་གྲངས་ཁྲི་བཞི་ལྷག་ཙམ་ཅིག་བསྡུ་བསྒྲུབས། ཐོ་བཀོད། དཔར་བཤུས། གློག་རིག་ནང་ལུ་བཙུགས་ཏེ་དཔེ་སྐྲུན་འབད་ཡོདཔ་ཨིན་པས། ལོ་བསྟར་བཞིན་དུ་ རིན་པོ་ཆེ་གིས་དཔེ་ཆ་གྲངས་ ༡༠༠ ཙམ་རེ་དཔེ་སྐྲུན་འབད་དོ་ཡོདཔ་ཨིན་པ།།

དེ་ཚེས་ དབྱིན་ལོ་ ༢༠༡༢ དབྱིན་ཟླ་ ༠༥ པའི་ཚེས་ ༩ ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་ཞབས་ཀྱིས་བཅགས་ཏེ་ སྲུལ་ཁྱུན་དང་རིགས་གཞུང་བཟང་པོ་ཚུ་ ཉམས་སྲུང་དང་གོང་འཕེལ་གཏང་ཐངས་དང་ དཔེ་མཛོད་འཛིན་སྐྱོང་འབད་ཐངས་ཀྱི་སྐོར་ལས་ ཕན་རླབས་ཅན་གྱི་ཐུགས་འཆར་དང་ བཀའ་སློབ་བཟང་པོ་གནང་སྟེ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ལུ་ ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོའི་སྐོར་ དཔེ་དེབ་གྲངས་ ༡༠ དེ་ཅིག་ མི་དམང་གི་ཕན་ཐབས་ལུ་དམིགས་ཏེ་ ཞལ་འདེབས་སྦེ་གནང་ཡོདཔ་ཨིན། དེ་མ་ཚད་ མ་འོངས་པར་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ལུ་ རིན་པོ་ཆེ་གིས་ཁོ་རའི་གཞི་ཚོགས་ཀྱིས་དཔེ་སྐྲུན་འབད་མི་ དཔེ་དེབ་ཆ་མཉམ་ཞལ་འདེབས་སྦེ་ཕུལ་ནི་ཨིན་ཟེར་གསུངས་ཡོདཔ་ཨིན།།

 

དབྱིན་ལོ་ ༢༠༡༢ དབྱིན་ཟླ་ ༠༣ པ།

“ལྷག་ནི།” ཟེར་བའི་བརྗོད་དོན་ཐོག་ལུ་ཞལ་འཛོམས་ཚོགས་ཡོདཔ།

“ལྷག་ནི།” ཟེར་བའི་བརྗོད་དོན་ཐོག་ལུ་ ཉིམ་གཅིག་གི་ཞལ་འཛོམས་དེ་དབྱིན་ལོ་ ༢༠༡༢ དབྱིན་ཟླ ༠༣ པའི་ཚེས་ ༡༣ ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ནང་ལུ་སྦེ་ཚོགས་ཡོདཔ་ཨིན། ཞལ་འཛོམས་ནང་ལུ་ སིང་ག་པོར་འབྲུག་གི་གཞི་ཚོགས་ཀྱི་འཐུས་མི་ཅིག་ཨིན་མི་ དྲག་ཀྲོར་ བྷ་ར་པར་སཏ་དང་ ཨམ་ཅཱན་ཅོའི་པིང་གཉིས་ཀྱིས་ “ལྷག་ནི་གོང་འཕེལ་དང་དེའི་ཁེ་ཕན།” དང་ “རྒྱལ་ཡོངས་ནང་ལུ་ལྷག་ནི་རིགས་རྩལ་འདི་ག་དེ་སྦེ་ཡར་རྒྱས་གཏང་ནི།” ཟེར་བའི་བརྗོད་དོན་ཐོག་ལུ་གསལ་ཞུ་ཕུལ་ཡོདཔ་ད་ དེ་བཟུམ་སྦེ་བརྗོད་དོན་དེའི་ཐོག་ལུ་ར་ ཁོང་མཁས་མཆོག་གཉིས་ཀྱིས་ལས་རིམ་ཁག་ཚུ་གི་ནང་ལུ་ གསལ་ཞུ་ཕུལ་ནི་ཨིན་པས། ཁོང་གཉིས་ ཉིན་གྲངས་བརྒྱད་ཀྱི་རིང་འབྲུག་རྒྱལ་ཁབ་ནང་ལུ་འོང་ནི་ཨིན་པས།།

ཞལ་འཛོམས་ནང་ལུ་ ཉེ་འདབས་ཀྱི་གཙུག་སྡེ་ཁག་ཚུ་ནང་ལས་ སློབ་དཔོན་དང་དཔེ་མཛོད་འགོ་དཔོན། དེ་ལས་ ཤེས་རིག་མཁས་མཆོག་ཚུ་བརྩིས་ཏེ་ མི་གྲངས་ ༡༥ དེས་ཅིག་གིས་བཅའ་མར་གཏོགས་ཅི། དྲག་ཀྲོར་ བྷ་ར་པར་སཏ་གིས་ ལྷག་ནིའི་རིག་རྩལ་འདི་གིས་ན་ཆུང་ཨ་ལུ་ཚུ་གི་སྐད་ཡིག་ཡར་དྲག་གཏང་ནི། དེ་ལས་ མནོ་བསམ་རྒྱ་སྦེ་སྦོམ་གཏང་ནི་དང་ རིག་པ་གོང་འཕེལ་གཏང་ནི་ལུ་ཁེ་ཕན་ཡོད་ཟེར་གསུངསམ་མ་ཚད་ མི་སྡེ་དང་རྒྱལ་ཡོངས་ཀྱི་གནས་ཚད་གཉིས་ཆ་རའི་ནང་ལུ་ ལྷག་ནིའི་རིག་རྩལ་ གོང་འཕེལ་ག་དེ་སྦེ་གཏང་ནི་ཨིན་ནའི་ཐབས་ལམ་ཚུ་ཡང་སྟོན་བྱིན་ཡོདཔ་ཨིན།།

ཞལ་འཛོམས་ནང་ལུ་བཅའ་མར་གཏོགས་མི་ཚུ་གིས་ ན་ཆུང་ཨ་ལུ་ཚུ་གིས་ལྷག་ནི་ལུ་སྤྲོ་བ་དང་འདོད་བསྐྱེད་བཅུག་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ལྷག་ནིའི་ཉིམ་ཟེར་ བདུན་ཕྲག་དང་ཟླཝ་གང་རུང་བརྩམ་ནི། སློབ་གྲྭ་ཁག་ལས་ཕར་ལྷག་ནིའི་ཐུན་ཚན་བཟོ་ནི། ལྷག་ནིའི་འགྲན་བསྡུར། ལྷག་ནིའི་ལས་རིམ་འགོ་འདྲེན་འཐབ་ནི། དཔེ་དེབ་ཚུ་གོང་ཚད་མར་ཕབས་ཀྱི་ཐོག་ལས་བགོ་བཀྲམ་འབད་ནི། སྲུང་གཏང་ནིའི་ལས་རིམ་བཟོ་ནི་ལ་སོགས་པ་ཚུ་ ལྷག་ནིའི་རིག་རྩལ་གོང་འཕེལ་གཏང་ནིའི་ཐབས་ལམ་ཅིག་ཨིན་ཟེར་བསམ་འཆར་བཀོད་ཡོད་ཨིན།།

ཞལ་འཛོམས་དེ་ཡང་ བཅའ་མར་གཏོགས་མི་ཚུ་གི་ནང་འདོགས་གྲོས་བསྡུར་འབད་དེ་ ན་ཆུང་ཚུ་ལྷག་ནི་ལུ་སྤྲོ་བ་ག་དེ་སྦེ་བསྐྱེད་བཅུག་ནི་ཨིན་ན་དང་ རང་སོའི་སློབ་གྲྭ་ནང་ལུ་ ག་ཅི་འབད་ཚུགས་ནི་ཨིན་ནའི་གསལ་ཞུ་ཚུ་ཕུལ་ཐོག་ལས་མཇུག་བསྡུ་ཡོདཔ་ཨིན།།