English

ཆུང་བཟོ་འཕྲུལ་རིག་ (Microfilm) སྡེ་ཚན།

ཆུང་བཟོ་འཕྲུལ་ཆ། (Microfilm)

ཆུང་བཟོ་འཕྲུལ་ཆ་ (Microfilm) ལས་ཁུངས་འདི་ པར་བསྐྲུན་སྡེཚན་དང་མཉམ་ཅིག་ཡོདཔ་ལས་ འདི་བདག་སྐྱོང་ཡིག་ཚངརྙིངམ་གྱི་འོག་ཐོག་ ཁང་མིག་གཉིས་གཅིག་ཁར་སྦྱེལ་ཏེ་ཡོད་པའི་ནང་ལུ་ དབྱིན་ལོ་ ༡༩༨༦ དབྱིན་ཟླ་ ༡༢ པའི་ནང་ལུ་ ཡུ་ཨེན་ཌི་པིའི་ གྲོགས་རམ་ལས་འགུལ་གྱི་མ་དངུལ་ཐོག་ལས་ ཆུང་བཟོ་འཕྲུལ་ཆ་ (Microfilm) བཏབ་ནིའི་འཕྲུལ་ཆ། རང་འགུལ་གྱི་བཟོ་སྦྱོར་འཕྲུལ་ཆས། (autoprocessor) པར་བསྐྲུན་གྱི་འཕྲུལ་ཆས། ཆུང་བཟོ་ཆ་ (Microfilm) ལྷག་བཏུབ་པའི་འཕྲུལ་ཆས་ཚུ་ སྔར་སྲོལ་ལམ་ལུགས་ མ་ཉམས་པར་བདག་འཛིན་འཐབ་ནིའི་དོན་ལུ་ རྒྱལ་ཡོངས་དཔེ་མཛོད་ཁང་ལུ་གནང་ཞིནམ་ལས་ཚུར་ ལས་གཡོགཔ་གཉིས་ལུ་སྦྱོང་བརྡར་བྱིན་པའི་ཐོག་ལས་ དང་ཕུགས་ཀྱི་ཡིག་རྙིང་པར་མ་དང་ བྲིས་མའི་ཕྱག་དཔེ་ཚུ་ དཔར་བཏབ་སྟེ་མཁོ་བསྒྲུབས་འབད་ཡོདཔ་ཨིན༎

གནམ་ལོ་ ༡༩༨༨ ལོ་མཇུག་བསྡུ་ཁམ་ཅིག་ཁར་ཧ་ལམ་ རྒྱ་དཔྱ་ ༢༨ དེམ་ཅིག་དཔར་བཏབ་ཚར་ཡོདཔ་ལས་ ད་ལས་ཕར་ལས་ཁུངས་འདི་གིས་ གཞུང་དང་སྒེར་གྱི་ལྷ་ཁང་དང་ དགོན་སྡེ་ཁག་ཚུ་ནང་ཡོད་པའི་ དང་ཕུགས་ཀྱི་ཡིག་རྙིང་དཔར་མ་དང་ བྲིས་མའི་ཕྱག་དཔེ་དཀོན་དྲགས་ཚུ་ དཔར་བཏབ་པའི་བསྒང་ཡོདཔ་ལས་ དེ་ནང་ལས་བརྙ་ལེན་འབད་ནི་ཚུ་ ལམ་ཐག་ཉེ་ཧིང་དང་སྟབས་བདེ་སྡུག་དང་འཁྲིལ་ཏེ་ དང་པ་རང་ཐིམ་ཕུག་དང་སྤ་རོའི་ལྷ་ཁང་གི་ཕྱག་དཔེ་ཚུ་དཔར་བཏབ་སྟེ་ གནམ་ལོ་ ༡༩༩༠ ལུ་མཇུག་བསྡུ་སྟེ་ཡོདཔ་མ་ཚད་ གནམ་ལོ་ ༡༩༩༣ ལོར་ ལག་ལེན་འཐབ་ཐངས་འཇམ་པའི་ པར་ཆས་གསར་བསྒྲུབས་ཐོག་ རྒྱལ་ཁབ་མཐའ་ཟུར་གྱི་ལྷ་ཁང་དང་ དགོན་སྡེ་ཚུ་ནང་གི་ཕྱག་དཔེ་ཚུ་དཔར་བཏབ་ནིའི་གྲོས་འཆར་འདི་ དཔེ་མཛོད་གོང་འཕེལ་གཏང་ནིའི་ ལས་འགུལ་གྱི་མ་དངུལ་གནང་བ་ཐོབ་ད་བསྟུན་ཏེ་ འབད་ནི་ཨིན་པས༎

ཆུང་བཟོ་འཕྲུལ་ཆ་ (Microfilm) ནང་དཔར་བཏབ་ནིའི་ལཱ་འདི་གནམ་ལོ་ ༢༠༠༡ ལུ་ལས་གཡོགཔ་ཚུ་གིས་ གསུང་རྟེན་བརྟག་ཞིབ་ཀྱི་ལཱ་འགོ་བཙུགས་ཏེ་ སྔོན་དང་ཕུགས་ཀྱི་ཕྱག་དཔེ་ཚུ་ ལག་བྲིས་ཀྱི་ཐོ་དེབ་ནང་ཡོད་མི་ཚུ་ཆ་མཉམ་ དེང་སང་གློག་རིག་ནང་བཙུགས་ཏེ་ ཡོདཔ་ཨིན༎

ཆུང་བཟོ་འཕྲུལ་ཆ་ (Microfilm) གི་ཁེ་ཕན།

ཆུང་བཟོ་འཕྲུལ་ཆ་ (Microfilm) འཕྲུལ་ཆས་འདི་གིས་ ཡིག་ཆ་ག་ཅི་རང་ཨིན་རུང་དེའི་འདྲ་བཤུས་འདི་ ག་དེ་གསལ་གསལ་བཏབ་ནིའི་ནུས་ཤུགས་ཡོདཔ་ལས་ འདྲ་བཤུས་དེ་ཡང་ཡུན་དུ་བརྟན་ནི་དང་ འཇམ་ཏོང་ཏོ་འབད་གློག་རིག་ལས་ པར་བསྐྲུན་འབད་ཚུགསཔ་མ་ཚད་ འཕྲུལ་ཆས་འདི་ འགྱུར་ལྡོག་ཡོད་པའི་འཕྲུལ་ཆས་གཞན་མི་ལུ་ ལྟོས་མ་དགོཔ་གཅིག་ཨིན༎

ཆུང་བཟོ་འཕྲུལ་ཆ་འདི་ བློ་གཏད་ཚུགསཔ་མ་ཚད་ འཆང་ནུས་ཅན་གྱི་བརྡ་ལམ་གཅིག་ཨིན། དེ་གིས་ གསུང་རབ་དང་ཡིག་ཆས་རྙིངམ་ཚུ་དུས་ཡུན་རིངམོ་འབད་ གསོག་འཇོག་འབད་ཚུགསཔ་ལས་ དཔེར་ན་འབྲུག་ཤོག་འདི་ བདག་འཛིན་ལེགས་ཤོམ་འབད་ལག་ལེན་འཐབ་པ་ཅིན་ ལོ་ངོ་སྟོང་ཕྲག་གི་རིང་ལུ་ཡང་ གནས་ཚུགས་དོ་བཟུམ་གཅིག་ཨིན༎

ཆུང་བཟོ་འཕྲུལ་ཆའི་ (Microfilm) མཐུན་རྐྱེན་དང་ཞབས་ཏོག

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ འབྲུག་རྒྱལ་ཁབ་ཀྱི་ནང་འཁོད་ལུ་ཡོད་པའི་ གཙུག་སྡེ་དང་སྒེར་པ་སོ་སོའི་ནང་ལུ་ ཤིན་ཏུ་དཀོན་པའི་ཕྱག་དཔེའི་རིགས་ཡོད་མི་ཚུ་ལུ་ རིན་མེད་སྟོང་པར་ ཆུང་བཟོ་འཕྲུལ་ཆ་གིས་པར་བཏབ་ནིའི་ཞབས་ཏོག་ (Microfilming Facility) བྱིན་ནི་ཨིན། ཕྱག་དཔེའི་མ་དཔེ་ཚུ་ ཉམས་སོང་རུང་ དེའི་འདྲ་བཤུས་དེ་ཚུ་ཡུན་བརྟན་འབད་བཞག་ནིའི་ སེམས་ཤུགས་སྐྱེད་བཅུག་ནིའི་དོན་ལས་ མི་མང་ག་ར་ལུ་ དེ་བཟུམ་མའི་ཕྱག་དཔེ་ཡོད་པ་ཅིན་ དཔེ་མཛོད་ནང་འབག་འོང་སྟེ་ པར་བཏབ་པའི་མ་དཔེ་དང་ འདྲ་བཤུས་གཅིག་དང་སྦྲགས་ཏེ་བྱིན་ནི་དང་ འདྲ་གཅིག་དཔེ་མཛོད་ནང་ ཉེན་སྲུང་དང་བདག་འཛིན་འཐབ་སྟེ་བཞག་ནི་ཨིན༎